བོད་ནང་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་མེད་པའི་སྐོར་གྱི་སྙན་ཐོ།
2020.07.30

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་དུ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ལོངས་སུ་སྤྱོད་དབང་ལ་རྒྱ་ནག་གཞུང་གིས་འགོག་རྐྱེན་བཟོས་པ་ཞེས་པའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག
ཕྱི་ལོ་༢༠༡༩ ཟླ་༩ པའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱབ་ཤ་དཀར་པོ་ཟེར་བའི་སྙན་ཐོ་ཞིག་བཏོན་པ་དེའི་ནང་དུ། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཆེད་ཟམ་མི་ཆད་པར་ཁྲིམས་སྐྱོང་མ་ལག་མཐའ་འཁྱོངས་དང་། དྲང་བདེན་དང་རང་རྐྱ་འཕེར་བའི་ཁྲིམས་ཞིབ་དང་ཞིབ་དཔྱོད་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུར་ཁག་ཐེག ཁྲིམས་འགལ་ཉེས་འགོག་གི་དྭོགས་ཡོད་མི་སྣ་དང་ཉེས་འཛུགས་མི་སྣ་དང་བཙོན་པ་བཅས་ཀྱི་ཁེ་ཕན་དང་ཁྲིམས་མཐུན་ཁེ་ཕན་སོགས་ཕྱོགས་ཡོངས་ནས་དྲང་བདེན་གྱིས་ཁྲིམས་ཞིབ་ཐོབ་ཐང་ལ་འགན་ལེན་བྱས་ཡོད་ལུགས་རྒྱ་ནག་གིས་བརྗོད་པ་དེ་བདེན་པ་རྩ་བ་ནས་མིན་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་འདོན་སྤེལ་གནང་བའི་སྙན་ཐོའི་ནང་གནས་ལུགས་གསལ་བཏོན་གནང་འདུག
སྙན་ཐོ་དེའི་ནང་དུ་ལོ་གཅིག་གི་སྔོན་ལ་གཞི་རིམ་མང་ཚོགས་ཀྱི་དཀའ་སྡུག་ལ་དོན་གཉེར་གནང་མཁན་ཨ་ཉ་སེང་སྒྲ་ལགས་ཀྱིས། རྒྱ་ནག་ས་གནས་གཞུང་གི་དབང་འཛིན་པ་ཚོས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་ཀྱི་མུག་སྐྱོབ་རོགས་དངུལ་ལྐོག་ཟ་བྱས་པའི་རུལ་སུངས་ཀྱི་གནད་དོན་ཐེར་འདོན་གནང་པའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ནས་དུས་ཡུན་ལོ་བདུན་བཙོན་འཇུག་ཉེས་ཆད་བཏང་ཡོད་པའི་སྐོར་དང་། ཁོང་ལ་ཉེས་ཆད་བཏང་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དོན་ཁག་དང་ཡོངས་སུ་རྒྱབ་འགལ་བྱས་པའི་རྒྱ་གཞུང་གི་ཉེས་དོན་ཁྲིམས་ལུགས་ཁྲོད་ཀྱི་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་འཕྲོག་པའི་བོད་མི་སྟོང་ཕྲག་མང་པོའི་གྲས་ཡིན་ཞིང་། ཕྱི་ལོ་༢༠༡༧ ལོ་ནས་བཟུང་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་པའི་གྲྭ་བཙུན་སྟོང་ཕྲག་མང་པོར་ཆབ་སྲིད་སློབ་གསོ་སྤྲོད་ཆེད་ཁྲིམས་ཞིབ་དང་ཉེས་དོན་གསལ་བཤད་མེད་པར་ཁྲིམས་འགལ་ཐོག་བཀག་ཉར་བྱས་པ་རེད།
༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་༡༢ ལྷག་འདས་ཟིན་ནའང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་ཚོས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་བཙོན་ཁང་དུ་མེད་བརླག་བཏང་བའི་གནས་ཚུལ་ཁག་གསལ་བཤད་བྱེད་པའི་དགོས་འདུན་བཏོན་ཡང་རྒྱ་གཞུང་གིས་ད་དུང་དངོས་དོན་ར་སྤྲོད་ཅི་གང་བྱས་མེད་པ་རེད། ཕྱི་ལོ་༢༠༡༩ ཟླ་༥ པའི་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་བོད་མི་༨༠ ཡི་མིང་ཐོ་བཀོད་ནས་རྒྱ་གཞུང་གིས་བོད་མི་དེ་དག་འཛིན་བཟུང་བྱས་ཏེ་མི་ལོ་བཅུ་ཕྲག་གཅིག་ལྷག་ཕྱིན་ཡང་ད་དུང་ཁོང་ཚོ་གར་ཡོད་ཅི་བྱས་དང་ཉེས་དོན་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པའི་སྐོར་གྱི་གནས་ཚུལ་བཏོན་ཡོད།
ཡང་དམིགས་བསལ་སྙན་ཐོ་འདིའི་ནང་ད་དུང་། བོད་མི་འཛིན་བཟུང་དང་བཙོན་འཇུག རང་དབང་ལ་དམ་དྲག བཙན་ཤེད་ངང་བསྙོན་འཛུགས་ཁས་ལེན་བྱེད་བཅུག་ཐབས། ཁྲིམས་རྩོད་པ་གླ་བའི་ཐོབ་ཐང་དང་རང་རྐྱ་འཕེར་བའི་ཁྲིམས་ཞིབ་མེད་པ། ད་དུང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་གཞིར་བྱས་རྒྱ་གཞུང་གི་ཉེས་དོན་ཁྲིམས་ལུགས་ལ་བཅོས་སྒྱུར་གཏོང་དགོས་པའི་སྐུལ་འདེབས་ཁག་དང་། ཡང་རྒྱ་རིགས་ཁྲིམས་རྩོད་པ་ཚོར་འཕྲད་པའི་དཀའ་ཁག་གི་ཐད་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་ལིན་ཆི་ལེ་དང་། ཐིང་པོ། ལུའུ་ཧྲི་ཧྭ། དེ་བཞིན་བུད་མེད་ཁྲིམས་རྩོད་པ་གྲགས་ཅན་ཝང་ཡུའུ་སོགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཁག་སོ་སོར་བཀོད་ཡོད་པ་རེད།
རྒྱལ་སྤྱི་དང་རྒྱལ་ཡོངས་རིམ་པའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་ཡིག་ཁག་གི་ནང་དུ། ཁྲིམས་སྒྲིག་འཛིན་སྐྱོང་དང་འབྲེལ་བའི་ཉེས་དོན་ཇི་འདྲ་ཞིག་ཡིན་རུང་། དེ་ལ་རང་དབང་ལྡན་ཞིང་དབྱེ་འབྱེད་མེད་པའི་ཁྲིམས་ཁང་ངམ་ཁྲིམས་ཞིབ་ཁང་གང་རུང་ནས་དྲང་བདེན་གྱི་ཁྲིམས་ཞིབ་བྱེད་པའི་ཐོབ་ཐང་ལ་འགན་སྲུང་ཁག་ཐེག་གནང་ཡོད། རྒྱ་གཞུང་གི་རྩ་ཁྲིམས་ནང་དུ་ཁྲིམས་སྐྱོང་གི་མིང་ཙམ་བཏོན་རུང་། ཁྲིམས་ཀྱི་དབང་ཆ་ཆེ་ཤོས་དམར་ཤོག་སྲིད་གཞུང་གིས་བཙན་བཟུང་བྱས་པ་དང་། ཡོད་ཚད་ཀྱི་བླ་ན་མཐོ་ཤོས་དེ་ཡང་དམར་ཤོག་སྲིད་གཞུང་རང་ཡིན་པ་རེད། དེར་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཁ་གཡར་ནས། དམར་ཤོག་སྲིད་གཞུང་གིས་ཁྲིམས་དཔོན་གྱི་ལས་དོན་ལ་བར་ཆད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པས་སོ་སོའི་ཞུ་སྦྱོར་བ་ཕྱི་མའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་པ་སོགས་དམིགས་བསལ་སྙན་ཐོ་དེའི་བཀོད་འདུག།