ཐེ་ཝན་གྱི་འོས་བསྡུ་སླེབས་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་ཐེ་ཝན་མི་མང་གི་བློ་འགུག་ཐབས་བྱེད་བཞིན་འདུག
དེ་ཡང་རོས་ཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་མ་འོངས་སྲིད་འཛིན་འོས་འདེམས་བྱེད་རྒྱུར་ལོ་གཅིག་མ་ཟིན་ཙམ་ལས་མེད་པའི་སྐབས་འདིར། རྒྱ་ནག་གིས་ཡང་བསྐྱར་ཐེ་ཝན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ལ་ཡིད་འགུག་གི་དབང་ཤུགས་སྤེལ་ཏེ་མི་མང་གི་སེམས་པ་འགུག་ཐབས་བྱེད་བཞིན་པ་ཐེ་ཝན་གྱི་བདེ་འཇགས་ཉམས་ཞིབ་སྡེ་ཚན་ཞིག་གིས་ཉམས་ཞིབ་སྙན་ཐོ་སྤེལ་འདུག
རྒྱ་ནག་གཞུང་གིས་དམངས་གཙོའི་ཐེ་ཝན་མཚོ་གླིང་དེར་བདག་དབང་ཡོད་ཚུལ་གྱིས་ནམ་རྒྱུན་དྲག་པོའི་འཇིགས་སྐུལ་བྱེད་བཞིན་པ་དང་དུས་མཚུངས་སུ། རྒྱ་ནག་དང་ལྟ་བ་གཅིག་མཚུངས་ཀྱི་མི་སྣར་འབྲེལ་འདྲིས་བྱས་ནས་བློ་འགུག་ལས་དོན་སྤེལ་བཞིན་པ་རེད།
ཐེ་ཝན་དང་རྒྱ་ནག་བར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཡུལ་སྐོར་སྤྲོ་འཆམ་གྱི་འགྲུལ་བཞུད་མཚམས་ཆད་པ་དེ་ད་ལྟ་རིམ་པས་སླར་གསོ་དང་འབྲེལ་ནས། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་དོན་པ་རང་ངོས་ནས་རྒྱ་ནག་ནང་འགྲུལ་བཞུད་ཐེ་བའི་ཤུགས་རྐྱེན་ཆེ་བའི་བྱ་འགུལ་ཁག་ཅིག་བསྐྱར་གསོ་བྱེད་བཞིན་པ་ཐེ་ཝན་གྱི་བདེ་འཇགས་དཔོན་རིགས་ནས་ཚོད་དཔག་གནང་བཞིན་འདུག
རྒྱ་ནག་གིས་ཐེ་ཝན་མཚོ་གླིང་ཐོག་བྱ་འགུལ་སྣ་ཚོགས་སྤེལ་བའི་ཐད་ཉམས་ཞིབ་གནང་མཁན་བདེ་འཇགས་ཉམས་སྡེ་ཚན་དེའི་བཏོན་པའི་གསང་བའི་སྙན་ཐོ་དེའི་ནང་། ཟླ་བ་འདི་ནས་བཟུང་རྒྱ་ནག་གི་བྱ་འགུལ་གཙོ་བོ་དེ་ཐེ་ཝན་ཕྱོགས་འགལ་གོ་མིན་ཏང་ཚོགས་པའི་འགོ་ཁྲིད་རྒྱ་ནག་ནང་མགྲོན་འབོད་བྱེད་པ་དེ་ཡིན་པ་རོས་ཡེ་ཊར་གསར་སྤེལ་ཁང་གིས་གོང་ཞུས་བདེ་འཇགས་ཉམས་ཞིབ་སྡེ་ཚན་དེའི་བཏོན་པའི་གསང་བའི་སྙན་ཐོའི་ངོ་བཤུས་ལས་མཐོང་འདུག
དེ་བཞིན་ཕྱི་ཟླ་གཉིས་པའི་ནང་བཏོན་པའི་སྙན་ཐོ་དེའི་ནང་། རྒྱ་ནག་གུང་ཁྲན་གཞུང་གིས་ད་ལོར་ཐེ་ཝན་ནང་བསམ་ཚུལ་བརྗེ་ལེན་གྱི་ལས་འཆར་ཁག་གཏན་འབེབས་བྱས་པའི་ནང་། ཐེ་ཝན་གྱི་སྡེ་ཚན་དང་མི་དམངས་ནང་རྒྱ་ནག་ནང་མགྲོན་འབོད་གཟིགས་སྐོར་གྱིས་ལས་རིམ་དེ་བསྐྱར་གསོ་བྱས་ཡོད་པ་རེད།
སང་ལོའི་ཕྱི་ཟླ་དང་པོར་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་གནང་གི་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་གང་ཐུབ་ཀྱིས་ཐེ་ཝན་(Tsai Ing-wen)་གཞུང་ལ་དགྲ་ཟླའི་འདུ་ཤེས་སྤེལ་བཞིན་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།