རྒྱ་ནག་གཞུང་གིས་དམངས་སྤྱོད་གནམ་གྲུ་བཏང་ནས་ཐེ་ཝན་ལ་ཚོད་ལྟ་བྱེད་ཀྱི་འདུག་ཟེར།
དེ་ཡང་རོའུ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་། ཉེ་བའི་ལོ་ངོ་གཉིས་ཙམ་ནང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་མཚོ་ཁུལ་ཉེ་འགྲམ་དུ་དམག་སྦྱོང་དང་དམག་དོན་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པར། ཐེ་ཝན་གྱི་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་འབྲེལ་རྒྱ་ནག་གཞུང་གིས་ཐབས་ཇུས་གསར་པ་ཞིག་ཚོད་ལྟ་བྱེད་ཀྱི་ཡོད་སྲིད་པ་གསུངས་ཀྱི་ཡོད་འདུག རྒྱ་ནག་གི་དམག་དཔུང་གིས་ཉེ་བའི་ལོ་ཤས་ནང་མཁའ་ཐོག་དམག་གི་གནམ་གྲུ་འཕུར་བསྐྱོད་ཀྱིས་ཐེ་ཝན་ཕྱོགས་སུ་དྲག་པོའི་འཇིགས་སྐུལ་བྱེད་བཞིན་པ་དང་། ཐེ་ཝན་གྱིས་སྟངས་འཛིན་བྱས་ཡོད་པའི་མཚོ་ཁུལ་དུ་ཐེ་ཝན་ཕྱོགས་ནས་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག ཐེ་ཝན་བདེ་སྲུང་ལས་ཁང་གིས་བརྗོད་པར་གཞིགས་ན། ཕྱི་ཟླ་གཉིས་པའི་ཚེས་༥་ཉིན་རྒྱ་ནག་ཧྤུའུ་ཅན་ཞིང་ཆེན་གྱི་མཚོ་ཁུལ་ནས་རྒྱ་ནག་གི་གནམ་གྲུ་ཞིག་ཐེ་ཝན་གྱི་སྟངས་འཛིན་བྱས་ཡོད་པའི་རྨའ་ཛུའུ་གླིང་ཕྲན་གྱི་ཤར་ཕྱོགས་གླིང་ཕྲན་དང་ཐག་ཧ་ཅང་ཉེ་བའི་ཁུལ་དུ་འཕུར་བསྐྱོད་བྱས་ཡོད་པ་དང་། གནམ་གྲུ་དེ་བཞིན་རྒྱ་ནག་གི་(Y-12)་རྟགས་ཅན་གྱི་དམངས་སྤྱོད་གནམ་གྲུ་ཞིག་ཡིན་པ་ཐེ་ཝན་ཕྱོགས་ནས་ར་སྤྲོད་བྱུང་ཡོད་འདུག ཐེ་ཝན་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསུངས་ན། དོན་རྐྱེན་དེའི་ཐད་ང་ཚོས་གཞི་རྩའི་ངོས་འཛིན་བྱེད་ཕྱོགས་ནི། རྒྱ་ནག་གཞུང་གིས་དམངས་སྤྱོད་ཀྱི་གནམ་གྲུ་ཆུང་ངུ་དེ་རིགས་ཐེ་ཝན་གྱིས་སྟངས་འཛིན་བྱེད་བཞིན་པའི་མཚོ་ཁུལ་ཉེ་འགྲམ་དུ་བཏང་ནས་ཐེ་ཝན་གྱིས་དེར་ཡ་ལན་གང་འདྲ་ཞིག་སློག་མིན་ཚོད་ལྟ་བྱེད་ཀྱི་ཡོད་པ་ཞིག་ཡིན་པ་གསུངས་འདུག
ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་དམངས་སྤྱོད་གནམ་གྲུ་ཐེ་ཝན་གྱི་ཏུང་ཡིང་མཚོ་ཁུལ་ཉེ་འགྲམ་དུ་འཕུར་བསྐྱོད་བྱས་པའི་བརྙན་པར་འགྲེམས་སྤེལ་བྱས་ནས། དེའི་ཁུལ་གྱི་ཐེ་ཝན་གྱི་མི་སེར་ཚོས་རྒྱ་ནག་གི་གནམ་གྲུ་མཁའ་དབྱིངས་སུ་གསལ་པོ་མཐོང་ཐུབ་ཡོད་པའི་སྐོར་གནས་ཚུལ་སྤེལ་ནས་རྒྱ་ནག་ཕྱོགས་ནས་དེའི་ཐོག་ལན་འདེབས་དགོས་པའི་སྐོར་དྲིས་ཡོད་ན་ཡང་། ད་བར་རྒྱ་ནག་གཞུང་གིས་དེར་ལན་འདེབས་གང་ཡང་བྱས་མེད་པ་རེད།
ཕྱི་ལོ་༡༩༤༩་ལོར་རྒྱ་ནག་རྒྱལ་ནང་དམག་འཁྲུག་བྱུང་བའི་རྗེས་གོ་མིན་ཏང་ཚོགས་པར་ཕམ་ཉེས་བྱུང་ནས་ཐེ་ཝན་དུ་བྲོས་བྱོལ་དུ་སླེབས་པའི་སྐབས་ནས་རྨའ་ཛུའུ་གླིང་ཕྲན་དེ་བཞིན་ཐེ་ཝན་གྱི་སྟངས་འཛིན་འོག་ཡོད་པ་དང་། ཕྱི་ལོ་༡༩༧༠འི་སྐབས་སུ་རྒྱ་ནག་གིས་རྨའ་ཛུའུ་གླིང་ཕྲན་དུ་མེ་སྒྱོགས་ཀྱིས་གཏོར་རྒོལ་རྒྱུན་དུ་ནས་གཏོང་གི་ཡོད་སྟབས་ཐེ་ཝན་ཕྱོགས་ནས་གླིང་ཕྲན་དེའི་ཁུལ་དུ་སྲུང་སྐྱོབ་ཀྱི་ནུས་པ་ཇེ་ཆེར་གཏོང་བཞིན་ཡོད་པ་མ་ཟད་། དམག་དཔུང་ཡང་མི་ཉུང་བ་ཞིག་འགྲེམས་འཇོག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།