ཐེ་ཝན་གྱི་དམངས་གཙོ་དང་འཚོ་གནས་སྲུང་སྐྱོབ་ཆེད་ཡོད་ཚད་བློས་གཏོང་བྱེད་ཀྱི་ཡིན། ཐེ་ཝན་སྲིད་འཛིན་གྱིས།
རྒྱ་ནག་གིས་ཐེ་ཝན་གྱི་དམངས་གཙོ་དང་འཚོ་གནས་ལ་ཉེན་ཁ་བཟོས་ཚེ་སྲུང་སྐྱོབ་ཆེད་ཡོད་ཚད་བློས་གཏོང་བྱེད་ཀྱི་ཡིན་པ་ཐེ་ཝན་སྲིད་འཛིན་གྱིས་ཆེད་རྩོམ་སྤེལ་འདུག
འདི་ཟླའི་ཚེས་༥ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་གྱིས་ཕྱི་འབྲེལ་ལས་དོན་ཞེས་པའི་ཆེད་རྩོམ་ཞིག་སྤེལ་ནས། ཐེ་ཝན་དེ་བཞིན་རྒྱུན་རིང་རྒྱ་ནག་གི་འཇིགས་སྐུལ་འོག་གནས་ཡོད་པ་དང་། རྒྱ་ནག་གཞུང་གིས་རང་དབང་དམངས་གཙོ་ལྡན་པའི་གླིང་ཕྲན་དེ་བཞིན་ཉིན་ཞིག་རང་ཉིད་ཀྱི་ལག་ཏུ་ལེན་རྒྱུའི་བསམ་བློ་དོར་མེད་པར་བརྟེན་དགོས་ངེས་བྱུང་ཚེ་དྲག་ཤུགས་ཀྱིས་བཙན་འཛུལ་བྱ་སྲིད་ཅིང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་ཐེ་ཝན་རྒྱ་ནག་དང་གཅིག་གྱུར་བྱ་རྒྱུ་དེ་ནི་འགོག་ཐབས་མེད་པ་ཞིག་ཡིན་པ་བརྗོད་ཡོད་པ་རེད།
ཕྱི་ལོ་༢༠༡༦་ལོར་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ནང་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་པའི་རྗེས། རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་དམག་དོན་དང་ཕྱི་འབྲེལ་དཔལ་འབྱོར་བཅས་ཕྱོགས་ཚང་མ་ནས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་། གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་བཙུགས་པའི་དུས་དྲན་ཉིན་མོ་དང་བསྟུན་ནས། ཐེ་ཝན་མཚོ་ཁུལ་གྱི་མཁའ་ཐོག་ནས་དྲག་པོའི་འཇིགས་སྐུལ་བྱས་ནས། དམག་གི་གནམ་གྲུ་༡༥༠་ཙམ་ཐེ་ཝན་གྱི་མཚོ་ཐོག་མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་གི་དམག་གི་གནམ་གྲུ་༣༨་ཐེ་ཝན་གྱི་མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་ཡོད་པའི་སྐོར་བཀོད་ཡོད་འདུག
ཐེ་ཝན་གྱི་སྲིད་འཛིན་གྱི་ཆེད་རྩོམ་ནང་ད་དུང་། གལ་སྲིད། ཐེ་ཝན་གྱི་སྲུང་སྐྱོབ་ལ་འགན་ལེན་མ་བྱས་ཚེ་ཐེ་ཝན་ཚུད་དེ་ལས་རྒྱ་ཆེ་བའི་མངའ་ཁུལ་གྱི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཆགས་རྒྱུ་ཡིན་ཞིང་། གལ་སྲིད། ཐེ་ཝན་རྒྱ་ནག་གི་གཏོར་རྒོལ་འོག་ཚུད་ཚེ་དེས་མངའ་ཁུལ་གྱི་ཞི་བདེ་དང་དམངས་གཙོའི་མཉམ་འབྲེལ་སྒྲིག་སྲོལ་ལ་རྐྱེན་ངན་ཆེན་པོ་ཞིག་འཕྲད་སྲིད་པ་ཡིན་སྟབས། ཐེ་ཝན་གྱིས་རྒྱ་ནག་དང་ཞི་བདེ་མཉམ་གནས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། གལ་སྲིད། ཐེ་ཝན་གྱི་དམངས་གཙོ་དང་འཚོ་གནས་ལ་ཉེན་ཁ་འཕྲད་ཚེ་ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་ཆེད་ཐབས་ལམ་གང་འདྲ་ཞིག་འདོན་དགོས་ཀྱང་བློས་གཏོང་གནང་རྒྱུ་ཡིན་པ་བཀོད་འདུག
ད་དུང་ཐེ་ཝན་སྲིད་འཛིན་གྱིས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཉིན་ལྟར་ཐེ་ཝན་གྱི་མཚོ་ཁུལ་དུ་དྲག་པོའི་འཇིགས་སྐུལ་བྱེད་བཞིན་ཡོད་ཀྱང་ང་ཚོས་མཚོ་ཁ་ཕན་ཚུན་གྱི་འབྲེལ་ལམ་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་ལ། རྒྱ་ནག་གི་འཇིགས་སྐུལ་ལ་ཐེ་ཝན་ནམ་ཡང་མགོ་སྒུར་གྱི་མ་རེད་ཅེས་བཀོད་གནང་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།