ཐེ་ཝན་སྲིད་འཛིན་གྱིས་ཐེ་ཝན་ནང་བཟོས་བའི་འགོག་ཁབ་ལ་གདེང་འཇོག་དང་བཅས་བསྐྱོན་འདུག

2021.08.23
ཐེ་ཝན་སྲིད་འཛིན་གྱིས་ཐེ་ཝན་ནང་བཟོས་བའི་འགོག་ཁབ་ལ་གདེང་འཇོག་དང་བཅས་བསྐྱོན་འདུག ཐེ་ཝན་སྲིད་འཛིན་གྱིས་ཐེ་ཝན་ནང་བཟོས་བའི་འགོག་ཁབ་ལ་གདེང་འཇོག་དང་བཅས་བསྐྱོན་སྐབས། ༨།༢༣།༢༡
AP

ཐེ་ཝན་སྲིད་འཛིན་ལྕམ་(Tsai Ing-wen)་ལགས་ཀྱིས་འདི་ཚེས་༢༣་གཟའ་ཟླ་བའི་ཉིན། ཐེ་ཝན་ནང་བཟོ་བསྐྲུན་གནང་བའི་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་(Covid-19)་སྔོན་འགོག་གི་སྨན་ཁབ་ལ་གདེང་འཇོག་དང་བཅས་བསྐྱོན་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་རང་ཉིད་ཀྱིས་བཟོས་པའི་འགོག་ཁབ་རྒྱབ་ཡོད་མེད་གསལ་བོ་མེད་ཐོག་མི་མང་གི་མདུན་མངོན་གསལ་དོད་པོས་འགོག་ཁབ་རྒྱབ་ནས་སྐུལ་མ་གནང་བའི་གནས་ཚུལ་སོགས་མཐོང་རྒྱུ་མེད་པ་རེད།
ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་ལགས་ཀྱིས་(Moderna Inc)་དང་(AstraZeneca)་ཁེ་གཉེར་ལས་ཁང་གཉིས་ཀྱིས་བཟོ་བསྐྲུན་བྱས་པའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་མ་སྐྱོན་པར་བཞུགས་ཡོད་ན་ཡང་། ད་རེས་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་(Taipei)་དབུས་ཀྱི་སྨན་ཁང་ཞིག་ནང་(Medigen)་ཞེས་ཐེ་ཝན་རང་ཉིད་ཀྱིས་བཟོ་བསྐྲུན་གནང་བའི་སྔོན་འགོག་སྨན་ཁབ་དེ་བསྐྱོན་ནས་སྨན་ཁབ་དེ་ཉེན་ཁ་མེད་པའི་ཡིད་ཆེས་དང་གདེང་འཇོག་གནང་འདུག སྐབས་དེའི་བརྒྱུད་རིམ་ཡོངས་རྫོགས་ངོ་དེབ་སོགས་སུ་ཐད་གཏོང་གནང་ཡོད་པ་མ་ཟད། སྔོན་འགོག་སྨན་ཁབ་བསྐྱོན་རྗེས་ཟུར་ཕོག་གནོད་སྐྱོན་སོགས་གང་ཡང་མ་བྱུང་བས་ཕྱག་ལས་གནང་བཞིན་ཡོད་པ་ངོ་དེབ་ཐོག་བཀོད་འདུག
འགོག་ཁབ་(Medigen)་བཟོ་བསྐྲུན་བྱེད་མཁན་གྱི་སྤྱི་ཁྱབ་དཔོན་རིགས་(Charles Chen)་ཡིས་འགོག་ཁབ་དེར་བརྟག་དཔྱད་ལན་མང་བྱས་པ་དང་། ཕན་ནུས་ཆེ་ལ་ཟུར་ཕོག་གནོད་སྐྱོན་ཉུང་བ་རོ་ཡེ་ཊར་གསར་ལས་ཁང་ལ་བརྗོད་འདུག
ཐེ་ཝན་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཟླ་བ་སྔོན་མའི་ནང་(Medigen Vaccine)་ཞེས་པའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་ཛ་དྲག་ཆེད་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་གནང་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་སྨན་གྱི་བཟོ་གྲྭ་ཁག་གིས་ཐེ་ཝན་ལ་སྔོན་འགོག་སྨན་ཁབ་མཁོ་སྤྲོད་བྱ་རྒྱུ་དུས་ཚོད་མང་པོ་འགོར་བ་དང་། ཕྱིར་འགྱངས་ཕྱིན་པ་སོགས་ལ་བརྟེན་ནས་ཐེ་ཝན་ལ་དོ་ཕོག་བྱུང་སྟབས་ཐེ་ཝན་གྱིས་སྔོན་འགོག་སྨན་ཁབ་ཐད་རང་སྐྱ་ཐུབ་པ་བྱེད་རྒྱུའི་ལས་འཆར་གྱི་ཆ་ཤས་ཤིག་ཡིན་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎