ཐེ་ཝན་གྱི་སྲིད་འཛིན་མཚོ་ཁའི་དམག་སྦྱོང་བྱེད་སར་ཕེབས་ནས་དམག་མི་ཚོར་བསྔགས་བརྗོད་གནང་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༢༦གཟའ་མིག་དམར་ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་ཐེ་ཝན་གྱི་མཚོ་དམག་གྲུ་གཟིངས་ནང་སྐོར་བསྐྱོད་དང་འབྲེལ་དམག་སྦྱོང་ལ་གཟིགས་ཞིབ་གནང་ཡོད་པ་དང་། ཁོང་གིས་སྐབས་དེར་གཏམ་བཤད་གནང་ནས། ད་ལྟའི་དམག་སྦྱོང་འདི་ནི་ཧ་ཅང་ཡག་པོ་བྱུང་འདུག་ལ་དེས་དམག་མི་ཚོའི་ངོས་ནས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་བློ་སྟོབས་དང་ཆོད་སེམས་བརྟན་པོ་ཡོད་པ་ཞིག་ཀྱང་མཚོན་གྱི་ཡོད་རེད། མུ་མཐུད་ནས་ང་ཚོས་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་དགོས་ཅེས་སེམས་ཤུགས་སྤར་ཏེ་བསྔགས་བརྗོད་གནང་ཡོད་འདུག
འོན་ཀྱང་རྒྱ་ནག་གི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལེ་ཇེན་ལ་གོང་ཞུས་གནད་དོན་སྐོར་བསམ་ཚུལ་དྲིས་སྐབས། ཐེ་ཝན་གྱི་ངོས་ནས་རྒྱ་ནག་གི་དམག་དོན་ལ་གདོང་ལེན་བྱེད་རྩིས་བྱེད་པ་ནི། ཤིང་འབུ་ཆུང་ཆུང་ཞིག་གིས་ཤིང་རྟ་འཁོར་ལོ་འགོག་རྩིས་བྱེད་པ་དེ་གཅིག་མཚུངས་རེད་ཅེས་དཔེ་མཚོན་བཞག་ནས། གང་ལྟར་མཐའ་མ་ཕམ་ཉེས་ཤོར་རྒྱུ་ལས་ཡོད་མ་རེད་ཅེས་ཁ་རྡུང་བཏང་ཡོད་འདུག
གོང་ཞུས་ཐེ་ཝན་ནང་གི་དམག་སྦྱོང་དེ་བཞིན་ཉིན་གྲངས་ལྔའི་རིང་ཚོགས་ཀྱི་ཡོད་པ་དང་། སྲིད་འཛིན་མཆོག་འདས་པའི་ལོ་དྲུག་ནང་དེ་ལྟ་བུའི་མཚོ་དམག་གི་ཟབ་སྦྱོང་ལ་བསྐོར་སྐྱོད་གནང་བ་ད་རེས་ཐེངས་གཉིས་པ་ཡིན་འདུག
ཉེ་བའི་ཆར་རྒྱ་ནག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་ལ་འཚམས་གཟིགས་ཕེབས་རྒྱུའི་འཆར་གཞི་གནང་གི་ཡོད་པ་དེར་སྐྱོན་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།