ཉི་ཧོང་གི་ཕུ་ཀུ་ཤི་མ་ས་ཁུལ་དུ་ས་ཡོམ་རྒྱབ་འདུག
2011.07.31
༄༅༎དེ་རིང་རེས་གཟའ་ཉི་མའི་སྔ་དྲོ་ཉི་ཧོང་གི་བྱང་ཤར་དུ་ཡོད་པའི་ཕུ་ཀུ་ཤི་མ་ས་ཁུལ་དུ་ས་ཡོམ་འགུལ་ཚད་དྲུག་དང་གྲངས་ཆུང་བཞི་ཤུགས་ཚད་ཆེན་པོ་ཞིག་བརྒྱབ་ཡོད་པ་དང༌། ཕུ་ཀུ་ཤི་མ་ས་ཁུལ་དེ་ནི། ཁ་སྔོན་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་བའི་སྐབས་རྡུལ་ཕྲན་གློག་ཁང་གནོད་འཚེ་བྱུང་ཡུལ་དེ་ཡིན་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཕྱི་དྲོ་བར་ཕེ་རིན་སེ་གསར་འགྱུར་ལས་ཁང་གི་སྤེལ་བའི་གནས་ཚུལ་ནང། ས་ཡོམ་གྱི་གནོད་འཚེ་དེའི་ནང་མི་བདུན་ལ་རྨས་སྐྱོན་འཕོག་ཡོད་པ་ལས་ཕུ་ཀུ་ཤི་མའི་རྡུལ་ཕྲན་ནུས་ཤུགས་གློག་ཁང་ལ་གནོད་འཚེ་གང་ཡང་བྱུང་མེད་པ་མ་ཟད། རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་གང་ཡང་མེད་པའི་གནས་ཚུལ་བཀོད་ཡོད་པ་རེད།
ཉིན་ཧོང་གི་གསར་འགྱུར་བརྒྱུད་ལམ་ཁག་ཐོག ད་རེས་ཀྱི་ས་ཡོམ་གྱི་གནོད་འཚེ་དེའི་ནང་དུ། ལོ་ན་༦༠ ཡིན་པའི་རྒན་པོ་ཞིག་ཉལ་ཁྲིའི་ཐོག་ནས་དབྱུགས་ཏེ་ལག་པའི་རུས་པ་ཆག་སྐྱོན་བྱུང་བ་དང༌། དེ་མིན་བེུད་ལོ་ན་༦༩ བྱས་པ་ཞིག་དང་༩༠ བྱས་པ་གཉིས་ཁང་པ་ལོག་ཏེ་རྨས་སྐྱོན་འཕོག་ཡོད་པའི་གནས་ཚུལ་སྤེལ་ཡོད་ཅིང༌། ཨ་མི་རི་ཀའི་ས་ཞིབ་ལས་ཁང་གིས་གསུང་ན། ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་དེ་ནི་ཕུ་ཀུ་ཤི་མ་གྲོང་ཁྱེར་གྱི་ལྷོ་ནས་ལྷོ་ཤར་གྱི་ཀི་ལོ་མི་ཊར་བརྒྱ་ཡི་ཞི་བདེ་རྒྱ་མཚོའི་མཐའ་སྐོར་དུ་རྒྱབ་ཡོད་པ་དང༌། ས་ཡོམ་གྱི་ཤུགས་ཚད་ཀྱང་གཏིང་དུ་ཀི་ལོ་མི་ཊར་༤༠ ཙམ་བརྒྱབ་ཡོད་པའི་སྐོར་གསུང་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་ཉི་ཧོང་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ས་ཡོམ་དང་རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེ་ཚབས་ཆེ་བྱུང་སྟེ། མི་ཁྲི་གཉིས་ལྷག་རྐྱེན་ལམ་དུ་ཕྱིན་པ་མ་ཟད། རྡུལ་ཕྲན་ནུས་ཤུགས་གློག་ཁང་ལ་ཚབས་ཆེའི་སྐྱོན་ཆག་བྱུང་སྟེ་བཟོ་གྲ་དེ་ནས་མི་དམངས་ཀྱི་བདེ་ཐང་ལ་གནོད་གཞིའི་རྫས་འགྱུར་འདོན་ཏེ་དཀའ་ངལ་ཆེན་པོ་བྱུང་ཡོད་པ་རེད། རྩ་བའི་ཉི་ཧོང་ནི་ས་བབ་ཆགས་ཚུལ་གྱི་ཐོག་ནས་ས་ཡོམ་གྱི་གནོད་འཚེ་ནི་ལོ་ལྟར་བཞིན་རྒྱབ་པ་མ་ཟད། ས་ཡོམ་གྱི་ཤུགས་ཚད་ཀྱང་གཞན་ལ་བརྒྱ་ཆ་ཉི་ཤུ་ཙམ་གྱི་ཤུགས་ཆེ་བ་རྒྱབ་ཀྱི་ཡོད་པ་རེད།