བོད་ཕྱོགས་ནས་རི་བོ་ཇོ་མོ་གླང་མའི་སྟེང་སླར་ཡང་རི་འཛེགས་རྒྱུར་སྒོ་མོ་ཕྱེ་ཡོད་པ།
དེ་ཡང་ PTI གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བར་གཞིགས་ན་། ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་ཤར་རུ་བོད་ཀྱི་སྟོད་དིང་རི་མངའ་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་ཕོག་ཏེ་མི་རྒྱུ་ཟོག་གསུམ་ལ་དོ་ཕོག་ཐེབས་ཡོད་པ་བཅས་ཀྱི་ཐོག་ནས་རི་བོ་ཇོ་མོ་གླང་མའིསྟེང་རི་འཛེགས་རྒྱུར་བཀག་འགོག་བྱས་ཡོད་ཀྱང་རྒྱ་ནག་གཞུང་ནས་ཁ་ས་ཕྱི་ཟླ་གསུམ་པའི་ཚེས་གཅིག་ཉིན་བོད་ཀྱི་ཕྱོགས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་སྟེང་རི་འཛེགས་རྒྱུར་སླར་ཡང་སྒོ་ཕྱེ་ཡོད་འདུག
ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་སྤྱི་ཚོགས་ཚན་རིག་ཚན་པའི་ཁོར་ཡུག་ཉམས་ཞིབ་པའི་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ Ma Weiqiang་ཡིས། ས་ཡོམ་གོད་ཆགས་ཀྱི་རྐྱེན་ངན་འོག་རི་བོ་ཇོ་མོ་གླང་མ་དང་ཉེ་འཁྲིས་སུ་དམིགས་བསལ་གོད་ཆགས་དང་འགྱུར་ལྡོག་གང་ཡང་ཕྱིན་མེད་པར་སོང་ཙང་ང་ཚོས་རི་འཛེགས་རྒྱུར་སླར་ཡང་སྒོ་ཕྱེ་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག
གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་བཀོད་པར་ལྟར་ན། མངའ་ཁུལ་དེའི་ནང་ཆགས་པའི་མགྲོན་ཁང་རིགས་ཀྱང་ད་ཆ་རི་འཛེགས་པ་ཚོར་སྣེ་ལེན་ཞུ་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཅེས་པག་བསམ་གྲོང་ཚོའི་ནང་གི་མགྲོན་ཁང་བདག་པོ་ཚེ་རིང་དགེ་ལྡན་ཞེས་པས་འགྲེལ་བརྗོད་བྱས་ཡོད་འདུག
སྔ་ལོ་རི་བོ་ཇོ་མོ་གླང་མའི་སྟེང་རི་འཛེགས་མཁན་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཕལ་ཆེར་འབུམ་ལྔ་དང་ཕྱེད་ཀ་ལྷག་ཙམ་བྱུང་ཡོད་པ་ནས་མང་ཆེ་བ་སིང་གྷ་པུར་དང་འཇར་མི་ནི་ནས་ཡིན་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།