ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་སུ་མ་འོངས་པར་གཞི་རྩའི་རང་དབང་ཆ་ཚང་སྤྲོད་དགོས།

དེ་ཡང་ཡུ་རོབ་སྤྱི་མཐུན་གྱི་མགྲིན་ཚབ་པས་ཕྱི་ཟླ་༡ཚེས་༢༩འཁོད་པའི་སྤྱི་བསྒྲགས་ཞིག་སྤེལ་གནང་ཡོད་པ་དེའི་ནང་། ཉིན་ཤས་གོང་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་བཙོན་དུས་རྫོགས་ཏེ་གློད་བཀྲོལ་ཐོབ་ཡོད་ཀྱང་། རྒྱ་ནག་གཞུང་ནས་ཁོང་གི་ཐོག་ཆ་རྐྱེན་གང་ཡང་མེད་པར་འགྲུལ་སྐྱོད་དང་། སྡོད་གནས་སོགས་གཞི་རྩའི་རང་དབང་ཆ་ཚང་ཞིག་སྤྲོད་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ་ཁོང་དོ་དམ་འོག་ཡོད་པའི་སྐབས་སྡུག་སྦྱོང་མནར་གཅོད་བཏང་བའི་གནད་དོན་ཐོག་ཞིབ་འཇུག་ཐིལ་ཕྱིན་པ་ཞིག་གནང་བའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག
དེ་དང་ཕྱོགས་མཚུངས་གོང་ཞུས་སྤྱི་བསྒྲགས་དེའི་ནང་། སོ་སོའི་རང་དབང་དང་གཞི་རྩའི་ཐོབ་ཐང་རྩོད་ལེན་བྱེད་པའི་རྐྱེན་གྱིས་བཙོན་བཅུག་བྱས་པ་དེ་དག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། དོ་དམ་འོག་ཡོད་པ་རྣམས་ལའང་རང་གི་བདེན་པ་བདག་བཤེར་གྱིས་ཁྲིམས་གཏུགས་བྱེད་པའི་སྐབས་དྲང་བདེན་ཞིག་ཡོང་ཐབས་བྱེད་དགོས་པ་མ་ཟད་དོ་དམ་དང་བཙོན་ཁང་ནང་རང་སྣང་གང་དྲན་གྱི་སྡུག་སྦྱོང་གཏོང་བའི་བྱ་སྤྱོད་སྤེལ་རྒྱུ་མཚམས་འཇོག་ཡོང་ཐབས་བྱེད་དགོས་རྒྱུ་སོགས་ཡུ་རོབ་སྤྱི་མཐུན་གྱི་ངོས་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མུ་མཐུད་ནས་གནོན་ཤུགས་སྤྲོད་རྒྱུ་ཡིན་ལུགས་གསུངས་ཡོད་འདུག
ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་གནང་བའི་སྤྱི་བསྒྲགས་ནང་དུའང་། བོད་ནང་རང་ཉིད་ཀྱི་ཐོབ་ཐང་འཐབ་རྩོད་བྱེད་པའི་རྐྱེན་གྱིས་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ཚོར་ང་ཚོས་གདུང་སེམས་མཉམ་སྐྱེད་ཡོད་ལ། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་གཞིར་བཟུང་བོད་མི་གཙོས་རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་སྲུང་ཞུ་དགོས་ལུགས་གསུངས་པ་དང་ཆབས་ཅིག་ཨ་རིའི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ཟུང་སྦྲེལ་གྱི་ཐོག་ནས་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་གནོན་ཤུགས་སྤྲོད་རྒྱུ་ཡིན་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་ཡང་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་བཅས་ཨ་རི་དང་ཡུ་རོབ་སྤྱི་མཐུན་གཉིས་ཀའི་ངོས་ནས་བོད་ཀྱི་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་། མ་འོངས་པར་ཁོང་ལ་དམ་དྲག་བྱེད་རྒྱུ་མེད་ལུགས་ནན་བརྗོད་གནང་ཡོད་པ་རེད།།