བོད་ཀྱི་ཆབ་སྲིད་བཙོན་ཟུར་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་ཨ་རི་ནས་འདས་གྲོངས་སུ་ཕྱིན་འདུག

2024.06.26
བོད་ཀྱི་ཆབ་སྲིད་བཙོན་ཟུར་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་ཨ་རི་ནས་འདས་གྲོངས་སུ་ཕྱིན་འདུག བོད་ཀྱི་ཆབ་སྲིད་བཙོན་ཟུར་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས། ༢༠༠༤
མཐུན་འགྱུར་པར་རིས། ཟླ་བ་བཀྲ་ཤིས།

རྒྱ་ནག་གཞུང་གིས་ཡུན་རིང་བཙོན་འཇུག་བྱས་མྱོང་བ་བོད་ཀྱི་ཆབ་སྲིད་བཙོན་ཟུར་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་སྤྱི་ལོ་༢༠༢༤ཟླ་༦ཚེས་༢༠ཉིན་ཨ་མི་རི་ཀ་ནས་སྐུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་དང་། ཁོང་བོད་ནང་སྤྱི་ལོ་༡༩༩༣་ནས་༩༤བར་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཁ་ས་ཁུལ་སློབ་འབྲིང་གཉིས་པ་འགྲིམ་བཞིན་པའི་སྐབས་ནས། སློབ་གྲྭའི་རྒྱང་བསྒྲགས་ནང་བོད་ཀྱི་ཆོས་དང་རིག་གཞུང་དང་ལོ་རྒྱུས་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད། ནག་པང་ཚགས་པར་གྱི་སྟེང་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ། རྗེ་བཙུན་མི་ལ་རས་པའི་མགུར་སྣ་ཚོགས་བཅས་སྤེལ་ཐུབ་པའི་སྟེང་། ཁོང་གིས་བོད་དོན་དང་འབྲེལ་བའི་ཀ་རྩོམ་གྲགས་ཅན་ཞིག་སྤེལ་བར་སྐད་གྲགས་ཆེན་པོ་ཆགས་ཏེ་རྒྱ་ནག་གཞུང་གིས་འཛིན་བཟུང་དང་། ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལྷ་ས་གྲྭ་བཞི་བཙོན་ཁང་དུ་བཅུག་ནས་ཁོང་ལ་འདྲི་བརྩད་སྐབས་ཉེས་རྡུང་ཚབས་ཆེན་བཏང་བ་དང་མཚུངས་སུ། གང་བྱུང་གློག་རྒྱུག་གིས་བཙུགས་ནས་ཤི་མིན་རོ་མིན་བཟོས་ཏེ་ལྷ་སའི་དམག་མིའི་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་། ཡང་བསྐྱར་བཙོན་ཁང་དུ་འདྲི་བརྩད་ཉེས་རྡུང་བཏང་བར་བརྟེན། ཁོང་གིས་ཁབ་དང་ཤེལ་ཆག་ཟོས་ནས་རང་ཤི་སྐྱོན་རྩིས་གནང་བའི་སྐོར། སྤྱི་ཟླ་༦པའི་ཚེས་༢༦ཉིན་འཛམ་གླིང་མནར་གཅོད་ཀྱི་ཉིན་མོར་ཁོང་གི་ངོ་ཤེས་གྲོགས་པོ་ཟླ་བ་བཀྲ་ཤིས་ལགས་ནས་དྲན་གསོ་དང་བཅས་གསུངས་ཡོད་པ་རེད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་སྤྱི་ལོ་༢༠༠༠ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ། སྤྱི་ལོ་༢༠༠༤ནས་༢༠༠༦བར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་དང་རྩོམ་སྒྲིག་པ་གནང་ཡོད་ནའང་། རིམ་པས་སིད་སི་དང་ཨ་མི་རི་ཀའི་ནང་གནས་སྤོས་ཀྱིས་བཞུགས་ཡོད་པའི་ཞོར། བཟའ་ཟླ་བུ་ཕྲུག་སུ་གཅིག་མེད་པས་སོ་སོའི་གསོག་དངུལ་ཕལ་ཆེ་བ་ཁོ་རང་གི་འཐབ་གྲོགས་ཚོའི་བདེ་སྡུག་ཆེད་དུ་ནར་གཏོང་དང་། ཡང་ན་གདན་ས་ཁག་ལ་སྐུ་འགྱེད་དུ་ཕུལ་ནས་འདོད་ཆུང་ཆོག་ཤེས་ཁོ་ན་གནང་མཁན་ཞིག་ཡིན་པ་མ་ཟད། ཕྱག་ལས་གནང་ཞོར་༧གོང་ས་མཆོག་གི་བཀའ་ཆོས་ལ་གསན་པ་དང་སངས་རྒྱས་ཐུགས་རྗེ་ཅན་གྱི་རྣམ་ཐར་གློག་བརྙན་ལ་གཟིགས་རྒྱུར་མཉེས་པོ་ཡོད་པ་སོགས།ཡང་གསུངས་བྱུང་།
དགུང་ལོ་༥༡་སྟེང་སྐུ་གྲོངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བྱ་དོར་ཕུན་ཚོགས་དབང་ཕྱུག་གམ་གྲུབ་ཐོབ་ལགས་ནི། སྤྱི་ལོ་༡༩༧༤ལོར་བོད་ཀྱི་དབུས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་དཔལ་རི་གྲོང་སྡེའི་ནང་འཁྲུངས་པ་དང་། ཁོང་གིས་བཙོན་ཁང་ནང་དང་བཙོན་གྲོལ་ཐོབ་པའི་རྗེས་སུ་རྩོམ་འབྲིའི་ལས་ལ་ཞུགས་ཏེ་སྔ་ཕྱིར་རང་དབང་གི་མིག་ཆུ་ཞེས་པའི་སོ་སོའི་མི་ཚེའི་ལོ་རྒྱུས་དང་། སྐྱུག་བྲོ་བའི་འཇིག་རྟེན་ཞེས་སྙན་ངག་གི་དེབ་ཕྲེང་དང་པོ། འཁྲུལ་སྣང་གི་མི་ཚེ་ཟེར་བའི་སྙན་ངག་དེབ་ཕྲེང་གཉིས་པ་སོགས་དཔར་བསྐྲུན་འགྲེམས་སྤེལ་གནང་མྱོང་ཡོད་པ་རེད།

International Day in support of Victims of Torture.JPG
རྡ་རམ་ས་ལར་འཛམ་གླིང་མནར་གཅོད་ཀྱི་ཉིན་མོ་སྲུང་བརྩི་སྐབས། ༠༦།༢༦།༢༠༢༤ པར། བསྟན་འཛིན་འོད་ཟེར། RFA/Dhasa
དེ་བཞིན་འདི་ཚེས་༢༦ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་རྒྱ་གཞུང་གི་བཙོན་འོག་ཏུ་མནར་གཅོད་ཀྱི་རྐྱེན་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་༢༠ཡི་མཚན་ཆེད་དུ་བཏོན་ནས་འཛམ་གླིང་མནར་གཅོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་ཆེད། རྡ་རམ་ས་ལ་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ། རྒྱ་ནག་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་མྱོང་མཁན་གྱི་ཆབ་སྲིད་བཙོན་ཟུར་ཤེས་རབ་རྒྱ་མཚོ་ལགས་དང་། དགེ་འདུན་རིན་ཆེན་ལགས། དགེ་བཤེས་ངག་དབང་དགེ་ལེགས་ལགས། བློ་བཟང་ཡོན་ཏན་ལགས། དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་བཅས་གདན་ཞུས་ཐོག ཁོང་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་སྲིད་བྱུས་དང་འབྲེལ། ལོ་ངོ་མང་པོའི་རིང་བཙོན་འཇུག་ཁྲོད་མྱངས་བའི་མྱོང་བ་སོགས་ཞིབ་རྒྱས་ངོ་སྤྲོད་གནང་བ་དངད་འབྲེལ། ཁོང་རྣམས་ཀྱིས་བཙན་བྱོལ་བོད་མི་རྣམས་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད་ཀྱིས་མཐུན་སྒྲིལ་གནང་དགོས་པའི་འབོད་སྐུལ་གནང་སོང་།


གསར་འགོད་པ། བློ་བྷེ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎