ཆོས་དབྱིངས་མཁས་གྲུབ་ལགས་གློད་གྲོལ་གཏོང་དགོས་ཞེས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོས་འབོད་སྐུལ་གནང་འདུག

ཉེ་སྔོན་གྱི་ཕྱི་ཟླ་༣པའི་ཚེས་༢༦ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་(Rashad Hussain)་ལགས་ཀྱིས་(X)་སྤྱི་ཚོགས་དྲྭ་ལམ་དུ། རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ་ལགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་བ་དང་མཉམ། ཆོས་དབྱིངས་མཁས་གྲུབ་ལགས་ནི་བོད་ཀྱི་ནང་པའི་དགེ་འདུན་པ་ཞིག་ཡིན་པ་དང་། ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་རྒྱབ་སྐྱོར་དང་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་བར་བརྟེན་རྒྱ་ནག་གཞུང་གིས་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་ནས་ད་ཆ་ལོ་༢༤ཕྱིན་ཡོད་པས། རྒྱ་ནག་གཞུང་གིས་ཁོང་གི་གནས་སྟངས་སྐོར་ང་ཚོར་མཁོ་སྤྲོད་དང་། ཁོང་མི་ཆོས་རིང་ལུགས་ཀྱི་ལམ་ནས་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་བཀོད་འདུག
དེ་ཡང་ད་ལྟ་དགུང་ལོ་༥༡ཡིན་པའི་ཆོས་དབྱིངས་མཁས་གྲུབ་ལགས་ནི། སོག་རྫོང་གི་ཙན་དན་དགོན་པའི་དགེ་འདུན་པ་ཡིན་ཞིང་། ཕྱི་ལོ་༢༠༠༠ལོར་རྒྱ་ནག་གིས་འཛིན་བཟུང་གིས་རྒྱལ་ཁབ་ཁ་བྲལ་དང་ངན་སྐུལ་གྱི་ཉེས་མིང་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་ནས། ད་བར་བཙོན་དུ་མི་ལོ་༢༤ ཙམ་འགྲོ་བཞིན་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ་ལགས་བཙོན་ཁང་ནང་གཟུགས་གཞིའི་གནས་སྟངས་སོགས་ཁ་གསལ་མེད་པའི་སྐོར་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་མྱོང་བ་དང་། ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་རེད། ད་ལྟ་ཆུ་ཤུར་བཙོན་ཁང་དུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པ་རེད། ཁོང་གི་བཙོན་གྲོགས་ད་ལྟ་ཨོསི་ཊརེ་ལི་ཡའི་(Australia)་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་བསྟན་པ་དར་རྒྱས་ལགས་ཀྱིས་དེ་སྔ་ཕྱི་ལོ་༢༠༠༡་ལོ་ནས་ཕྱི་ཟླ་༢༠༠༦ལོའི་བར་ཁོང་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་དུས་སུ་ཆོས་དབྱིངས་མཁས་གྲུབ་ལགས་ཀྱང་སྐབས་དེར་བཙོན་ཁང་དེར་བཅུག་ཡོད་པ་དང་། ཆོས་དབྱིངས་མཁས་གྲུབ་ལགས་ནི་ད་ལྟའི་སྐབས་རྒྱ་ནག་གི་བཙོན་ཁང་དུ་བཙོན་འཇུག་གི་དུས་ཡུན་རིང་ཤོས་ཀྱི་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་ཆགས་ཡོད་པའི་ཆ་ནས་ཁོང་གི་གནས་སྟངས་ལ་སེམས་འཚབ་དང་བཅས་ཨ་རི་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁོང་གློད་གྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་པ་འགྲེལ་བརྗོད་གནང་བྱུང་།Choeying Khedrub is a Tibetan Buddhist monk serving life in prison for printing pamphlets supporting the Dalai Lama and Tibet’s independence. PRC authorities detained him 24 years ago. We urge the PRC to provide an update on his condition and grant him humanitarian release.
— U.S. Ambassador at Large Rashad Hussain (@IRF_Ambassador) March 26, 2024
དེ་མིན་ད་བར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་གཞུང་གིས་བཀག་ཉར་འོག་ཡོད་པའི་མི་སྣ་ཁག་ཅིག་མིང་འདོན་བྱས་པའི་ཁོངས་སུ། ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དགེ་འདུན་པ་ཆོས་དབྱིངས་མཁས་གྲུབ་ལགས་དང་། ཧོང་ཀོང་གི་(Jimmy Lai) ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་(Ilham Tohti)་ལགས་དང་(Rashan Abbas)་སོགས་འདུག
དེ་མིན་ད་ལོའི་ཕྱི་ཟླ་༡ནང་སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་༤འཚོགས་པའི་སྐབས་སུ་(CECC)་ཏེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་གི་སྐུ་ཚབ་བཅས་ལས་གྲུབ་པའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་(X)་དྲ་གནས་ཐོག རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་། ནང་སྒོས་སུ་བོད་དང་ཤར་ཏི་ཀིསུ་ཐན། ཧོང་ཀོང་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། དེ་བཞིན་འཛིན་བཟུང་དོ་དམ་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཏེ་ས་ཁུལ་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་སོང་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་པ་དེ་དག་རེ་རེ་ངོ་སྤྲོད་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་དུ་བཙོན་པ་དེ་དག་རེ་རེའི་གནས་སྟངས་ཐད། རྒྱ་ནག་ལ་འདྲི་རྩད་གནང་རོགས་ཞེས་ཞུ་སྐུལ་གནང་ཡོད་པའི་ཆབ་སྲིད་བཙོན་པའི་མིང་ཐོའི་ཁོངས་སུ་བོད་ཀྱི་རྩོམ་པ་པོ་ཐུབ་བསྟན་བློ་གྲོས་ལགས་དང་། དགེ་འདུན་པ་བློ་བཟང་འཕྲིན་ལས་ལགས། གངས་སྐྱེས་སྒྲུབ་པ་སྐྱབས་ལགས། དབང་མོ་ལགས། བློ་བཟང་སྐལ་བཟང་ལགས། བཀྲ་ཤིས་སྐྱིད་ལགས། རོང་བོ་གངས་དཀར་ལགས་བཅས་ཁྱོན་བོད་མི་ཆབ་སྲིད་བཙོན་པ་༤༠ལྷག་གི་མིང་བཀོད་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།