བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་རུབ་རྡུང་བྱས་འདུག

2023.08.22
བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་རུབ་རྡུང་བྱས་འདུག བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་སྡེ་དགེ་མ་ཎི་གད་འགོའི་ས་ཁུལ་བཅའ་སྡོད་སློབ་གྲྭ། ༠༨།༢༠༢༣
FT

དེ་ཡང་དབྱིན་ཡུལ་གྱི་བོད་རང་དབང་ཞེས་པའི་ཚོགས་པས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་པའི་གནས་ཚུལ་ལུང་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་སྤྱི་ཟླ་༨པའི་ཚེས་༡༩འི་ཉིན། མགོ་ལོག་དར་ལག་རྫོང་དུ་སོང་ནས་ས་གནས་བོད་མིས་བོད་ཡིག་བོད་སྐད་ཀྱི་གལ་ཆེ་རང་བཞིན་ཐད་ངེས་ཤེས་ཡོང་ཆེད་གོ་རྟོགས་སྤེལ་རྒྱུ་དམིགས་ཡུལ་བཟུང་ནས་སོང་ཡོད་པ་དང་། དགོང་མོའི་ཆུ་ཚོད་༧དང་སྐར་མ་༡༤འི་སྟེང་། དར་ལག་རྫོང་མི་རིགས་སློབ་འབྲིང་གི་ཉེ་འཁྲིས་ནས་བརྙན་ཐུང་ཞིག་ཕབ་ལེན་བྱས་རྗེས། སྤྱི་ཚོགས་དྲྭ་ལམ་དུ་སྤེལ། དེ་ནས་མགྲོན་ཁང་ཞིག་ཏུ་ཞག་སྡོད་བྱས། མཚན་མོའི་ཆུ་ཚོད་༨ཡས་མས་ཤིག་ལ། ཁོང་སྡོད་སའི་མགྲོན་ཁང་གི་སྒོ་བཙན་གྱིས་གཏོར་ནས་མི་སྐོར་ཞིག་ནང་ལ་ཡོང་བ་དང་། མི་དེ་ཚོས་ངོ་གདོང་རས་ནག་པོས་བཀབ་ཡོད་པས་སུ་ཡིན་མི་ཤེས་ཤིང་། ནང་ལ་ཡོང་མ་ཐག་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་བཀྲ་ཤིས་དབང་ཕྱུག་ལགས་ལ་ཧ་ལམ་དུས་ཡུན་སྐར་མ ༡༠འི་རིང་གཅར་རྡུང་དྲག་པོ་བྱས་འདུག་ལ། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་མི་དེ་ཚོ་དར་ལག་སློབ་འབྲིང་ནས་ཁོང་གི་རྗེས་དེད་ནས་ཡོང་བར་ཡིད་ཆེས་བྱས་འདུག
བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དྲྭ་ལམ་དུ་སྤེལ་བའི་གནས་ཚུལ་ནང་། ཁོང་གིས་རྡུང་རྡེག་མ་གཏོང་རོགས་ཞེས་མི་དེ་ཚོར་ཞུ་བ་ཞུས་མཐར། མི་དེ་ཚོ་ཕྱིར་ལོག་སོང་བ་དང་། དེ་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་མགྲོན་ཁང་གི་བདག་པོར་ཁ་པར་བཏང་ནས་ཉེན་རྟོག་པར་བརྡ་རྒྱག་རོགས་ཞེས་ཞུས། མཚན་མོའི་ཆུ་ཚོད་༩པ་ཡས་མས་སུ་ཉེན་རྟོག་པ་ཁོང་སྡོད་སའི་མགྲོན་ཁང་དུ་ཡོང་ནས་བཀྲ་ཤིས་དབང་ཕྱུག་ཉེན་རྟོག་ཁང་དུ་ཁྲིད་ནས་འདྲི་གཅོད་བྱས་ནས་མཚན་གུང་ཆུ་ཚོད་༡༡དང་ཕྱེད་ཀའི་བར་བཀག་འདུག
དེ་ནས་བཀྲ་ཤིས་དབང་ཕྱུག་ལགས་ཕྱིར་མགྲོན་ཁང་དུ་ཡོང་དུས་མགྲོན་ཁང་དུ་ཁོང་སྡོད་མ་བཅུག་སྟབས། མགྲོན་ཁང་གཞན་དག་ཏུ་ཚོད་ལྟ་བྱས་ཀྱང་སྡོད་བཅུག་མི་འདུག དེ་ནས་བཀྲ་ཤིས་དབང་ཕྱུག་ལགས་དར་ལག་མི་དམངས་སྨན་ཁང་དུ་སོང་ནས་ཁོང་གི་མགོ་ལ་བརྟག་དཔྱད་བྱེད་དགོས་པའི་དགོས་འདུན་བཏོན་ཡང་། སྨན་པས་(CT)་བརྟག་དཔྱད་འཕྲུལ་ཆས་འཕྲོ་བརླག་ཏུ་སོང་ལུགས་བཤད་ནས་བརྟག་དཔྱད་མ་བྱས་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཐབས་ཟད་ནས་མཚན་མོ་དེར་སྨན་ཁང་གི་ཐོག་ཁང་དང་པོའི་རྐུབ་སྟེགས་སྟེང་འདུག་དགོས་ཐུག་ཡོད་པ་རེད། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁོང་ལ་གཅར་རྡུང་བྱས་པའི་བརྒྱུད་རིམ་ཕྲ་ཞིང་ཞིབ་པ་བྲིས་པའི་ནང་ཇག་ཚོགས་དང་ས་གནས་གཞུང་གི་ཁྲིམས་འགལ་བྱ་སྤྱོད་ལ་ངོས་འཛིན་གནང་བ་མ་ཟད། གཅིག་རྒྱབ་གཅིག་སྲུང་གི་སྤྱོད་ངན་ཡིན་པ་ཐེར་འདོན་བྱས་འདུག

tashi wangchuk.JPG
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྤྱི་ཚོགས་དྲྭ་བར་སྤེལ་བའི་བརྙན་ཐུང་ཞིག་ལག་སོན་བྱུང་བའི་ནང་། དེའི་སྔོན་གྱི་ཚེས་༡༦ཙམ་ལ་ཁོང་དཀར་མཛེས་ཕྱོགས་སུ་བསྐྱོད་སྐབས། བཀྲ་ཤིས་དབང་ཕྱུག་ལགས་སྡོད་སའི་མགྲོན་ཁང་ནང་ས་གནས་རྒྱ་ནག་གི་ཉེན་རྟོག་པ་ཁག་ཅིག་ཡོང་ནས་ཁ་པར་སོགས་སྔོག་གཤེར་བྱེད་ཐབས་བྱས་སྐབས། ཁོང་གིས་ཉེན་རྟོག་པར་ཁྲིམས་ལྟར་ཁ་པར་སྔོག་ཆོག་པ་ཁྲིམས་ཁང་གི་ཡིག་ཆ་སྟོན་དགོས་ཚུལ་བཤད་པར། ཉེན་རྟོག་པས་ཡིག་ཆ་དགོས་དོན་མེད་ཚུལ་བཤད་བཞིན་པ་སོགས་བརྙན་ནང་གསལ་བོ་གོ་ཐུབ་ཀྱི་འདུག

IMG_1914.jpg
བོད་རང་དབང་ཚོགས་པའི་སྲིད་ཇུས་ཞིབ་འཇུག་འགན་འཛིན་(John Jones)་ཡིས་རྡུང་རྡེག་གཏོང་མཁན་སུ་ཡིན་ཡང་བཀྲ་ཤིས་དབང་ཕྱུག་གི་བདེ་འཇགས་ལ་བློ་འཚབ་མི་བྱེད་རང་བྱེད་རེད། བཀྲ་ཤིས་དབང་ཕྱུག་ལགས་ནི་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་པ་ཞིག་ཡིན་ཞེས་དང་། དེ་བཞིན་དུ་བོད་གནས་ལྟ་ཞིབ་ཁང་གི་ཞིབ་འཇུག་པ་བསྟན་འཛིན་ཆོས་སྐྱིད་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། དེ་ནི་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བསྡད་པའི་ཐོབ་ཐང་ཡིན་ཞེས་བཤད་འདུག
ཉེ་ལམ་ཟླ་བདུན་པའི་ཚེས་༡༩ཉིན་ཁྲིམས་རྩོད་པ་ལིན་ཆིས་ལེ་(Lin Qilei)་ཡི་(twitter)་དྲྭ་བར་འདྲ་པར་དང་བཅས་གནས་ཚུལ་སྤེལ་བའི་ནང་། མི་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་མྱངས་མྱོང་བའི་བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་བཙོན་གྲོལ་བྱུང་ནས་ཁོང་གི་ཁྱིམ་དུ་ཡོད་ན་ཡང་མུ་མཐུད་དུ་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པའི་དོ་དམ་ལྟ་རྟོགས་འོག་ཡོད་པ་དང་། ཟླ་བདུན་པའི་ཚེས་༤ཉིན་ཁོང་དང་ཐུག་འཕྲད་སྐབས་ཁོང་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་གི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་མི་ཆོག་པ་དང་། ས་གནས་གཞན་དུ་བསྐྱོད་སྐབས་སྤྱི་བདེ་ལས་ཁུངས་སུ་ཐོ་འགོད་སྙན་སེང་ཞུ་དགོས་བའི་བཀའ་བཏང་ཡོད་པ་བྲིས་འདུག
བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུག་ཐེངས་མང་གནང་བ་མ་ཟད། ཁོང་གིས་ཨ་རིའི་ནེའུ་ཡོག་དུས་བབ་(New York Times)་གསར་ཁང་ལ་བོད་ནང་གི་སྐད་ཡིག་གི་གནས་སྟངས་སྐོར་བཅར་འདྲི་དང་ལེན་གནང་བར་བརྟེན། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༦ལོའི་ཟླ་དང་པོའི་ནང་འཛིན་བཟུང་གིས། ཕྱི་ལོ་༢༠༡༨ཟླ་༥ཚེས་༢༢ཉིན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་མྱོང་ཡོད་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎