སི་རི་ལང་ཀའི་དམག་སའི་ཁུལ་དུ་འབར་རྫས་གས་འཐོར་བཏང་བ།
2009.02.09
༄༅༎སི་རི་ལང་ཀའི་ནང་བེུད་ཅིག་གིས་རང་ཉིད་ཀྱི་ལུས་པོར་འབར་རྫས་འཁྱེར་ནས་སི་རི་ལང་ཀའི་བྱང་ཕྱོགས་དམག་སའི་ཁུལ་དུ་འབར་རྫས་གས་འཐོར་བཏང་ཏེ་མི་གྲངས་ཉི་ཤུ་རྩ་བརྒྱད་རྐྱེན་ལམ་དུ་བཏང་ཡོད་པ་སི་རི་ལང་ཀའི་དམག་དཔུང་གིས་འགྲེལ་བརྗོད་བྱས་ཡོད་འདུག
ད་རེས་ཀྱི་འབར་རྫས་གས་ཐོར་གྱི་དོན་རྐྱེན་དེ་བཞིན་འདས་པའི་ཟླ་བ་གཅིག་ནང་སི་རི་ལང་ཀའི་ཏ་མིལ་སྟག་གི་གྱེན་ལོག་ཤོག་ཁག་གིས་འབར་རྫས་ཀྱི་གཏོར་རྒོལ་བཏང་བ་ཐོག་མ་དེ་ཡིན་ཞིང་ཏ་མིལ་སྟག་གི་གྱེན་ལོག་ཤོག་ཁག་དང་སི་རི་ལང་ཀའི་གཞུང་དབར་གྱི་དམག་འཁྲུག་ནང་ཏ་མིལ་སྟག་གི་ཤོག་ཁག་ལ་ཕམ་ཉེས་ཆེན་པོ་བྱུང་ནས་ཉེ་བའི་ཆར་ཁོང་ཚོ་བསྐྱར་དུ་འཇབ་དམག་ཏུ་འགྱུར་ཉེན་ཡོད་པ་དང་སི་རི་ལང་ཀའི་ཡུལ་མི་ཁྲི་ཉི་ཤུ་རྩ་ལྔ་ལྷག་དང་མཉམ་དུ་གནས་སྡོད་བྱེད་སའི་ཁུལ་དུ་གབ་ཡིབ་བྱེད་ཀྱི་ཡོད་པ་སི་རི་ལང་ཀ་གཞུང་གིས་བསྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ད་རེས་གཟའ་ཟླ་བའི་མྱུར་སྐྱོབས་ས་ཚུགས་ཀྱི་རྒྱུད་ཏུ་རང་གི་ལུས་པོར་འབར་རྫས་འཁྱེར་ནས་འབར་རྫས་གས་འཐོར་གཏོང་མཁན་གྱི་བེུད་དེ་བཞིན་ཏ་མིལ་སྟག་གི་གྱེན་ལོག་ཤོག་ཁག་ཡིན་པར་སི་རི་ལང་ཀའི་དམག་དཔུང་གིས་དོགས་གཞི་བྱེད་བཞིན་ཡོད་པ་དང་ད་རེས་ཀྱི་འབར་རྫས་གས་འཐོར་གྱི་དོན་རྐྱེན་དེའི་ནང་དམག་མི་ཉི་ཤུ་དང་མི་སེར་བརྒྱད་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་མིན་དམག་མི་ཉི་ཤུ་རྩ་བཞི་དང་མི་སེར་བཞི་ཅུ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་སི་རི་ལང་ཀའི་དམག་དཔུང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་བཞག