ཤི་རི་ལང་ཀའི་སྲིད་འཛིན་འོས་བསྡུའི་སྐོར།
2010.01.27
༄༅༎ད་རེས་འཁོན་རྩོད་ཆེ་བའི་ཤི་རི་ལང་ཀའི་སྲིད་འཛིན་འོས་བསྡུའི་ནང་ཡུལ་དེའི་སྲིད་འཛིན་མ་ཧིན་རྡ་ར་ཇ་པཀ་སེ་ལ་རྒྱལ་ཁ་ཐོབ་ཡོད་སྐོར་གཞུང་འབྲེལ་བརྙན་འཕྲིན་ཐོག་གནས་ཚུལ་རྒྱང་སྲིང་བྱས་འདུག།
ཤི་རི་ལང་ཀའི་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ཐོག་སྲིད་འཛིན་མ་ཧིན་རྡ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་པ་རེད།
ཡུལ་དེའི་དབུས་འོས་བསྡུ་ལྷན་ཁང་གིས་སྲིད་འཛིན་འོས་བསྡུའི་དངོས་གཞིའི་གཞུང་འབྲེལ་གསལ་བསྒྲགས་གནང་རྒྱུ་ཡིན་ནའང༌། སྲིད་འཛིན་མ་ཧིན་རྡ་ར་ཇ་པཀ་སེའི་མགྲིན་ཚབ་པ་ཅན་རྡ་ར་པ་ལ་ཡིས་ ཁྱོན་འོས་ཤོག་ས་ཡ་༩དང་འབུམ་༨ཁྲི་༤འཕེན་ཡོད་པའི་ནང་ནས་། སྲིད་འཛིན་མ་ཧིན་རྡ་ལ་འགྲན་ཡ་ཁ་གཏད་དམག་སྤྱི་ཟུར་པ་ས་རཐ་ཕོན་སེ་ཀ་ལས་འོས་ཤོག་ས་ཡ་ཅིག་དང་འབུམ་༨མང་བ་ཐོབ་ཡོད་སྐོར་གསལ་བསྒྲགས་དང་འབྲེལ་སྲིད་འཛིན་མཆོག་ནས་འོས་ཤོག་འཕེན་མཁན་མང་ཙོགས་ལ་ཐུགས་རྗེ་ཞུས་གནང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག།
རྒྱལ་ཡོངས་ཀྱི་ནང་འོས་ཤོག་ལ་གྲངས་བཤེར་གནང་བཞིན་པའི་སྐབས་དེར། གྲོང་ཁྱེར་ཀོ་ལོམ་བོའི་ནང་དམག་སྤྱི་ཟུར་པ་ཕོན་སེ་ཀ་དང་ཕྱོགས་འགལ་ཚོགས་པའི་འཐུས་མི་འགའ་ཤས་ཡོད་སའི་མགྲོན་ཁང་གི་ཕྱི་ལ་ལག་ཏུ་མེ་མདའ་ཐོགས་པའི་དམག་མི་༨༠ཙམ་གྱིས་མཐའ་སྐོར་ཡོད་པ་རེད།
ཤི་རི་ལང་ཀའི་དམག་དོན་མགྲིན་ཚབ་པ་ཨུ་རྡ་ཡ་ན་ན་ཡཀ་ཀ་ར་ཡིས་དམག་དཔུང་ནས་ཕྱིར་ཐོན་པའི་དམག་མི་༤༠༠ཙམ་ཞིག་གོང་ཞུས་མགྲོན་ཁང་དེའི་ནང་འཛོམས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་རྗེས་དམག་མི་བཏང་ཡོད་སྐོར་བརྗོད་ཡོད་ནའང༌།
དམག་མི་བཏང་ནས་འཇིགས་སྣང་སྐུལ་ཐབས་བྱས་པ་དེ་ནི་མ་འོས་པ་ཞིག་ཡིན་སྐོར་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་བྱས་ཡོད་པ་དང༌། སྲིད་འཛིན་འོས་མི་དམག་སྤྱི་ཟུར་པ་ཕོན་སེ་ཀའི་མགྲིན་ཚབ་པས་ ཕྱི་རྒྱལ་ཡུལ་ཁག་ལ་སྲུང་སྐྱོབ་ཀྱི་འབོད་སྐུལ་ཞུ་རྒྱུ་ཡིན་ལུགས་བརྗོད་འདུག།