ལྷོ་བྱང་ཀོ་རི་ཡའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་དང་དམག་འཁྲུག་མཚམས་འཇོག
2018.04.27
ལྷོ་བྱང་ཀོ་རི་ཡའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་ནས་རྡུལ་ཕྲན་མཚོན་ཆ་མེད་པའི་ཀོ་རི་ཡའི་ཕྱེད་གླིང་ཞིག་བསྐྲུན་རྒྱུར་མོས་མཐུན་བྱུང་བའི་མ་ཚད། ལོ་འདིའི་ནང་ཀོ་རི་ཡའི་དམག་འཁྲུག་མཇུག་བསྒྲིལ་རྒྱུ་ཡིན་པའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་འདུག
དེ་ཡང་སྤྱི་ཟླ ༤ པའི་ཚེས ༢༧ ཉིན། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨུང་དང་ལྷོ་ཀོ་རེ་ཡའི་སྲིད་འཛིན་མོན་ཇེ་ཨེན་གཉིས་དམག་དོན་མ་ཡིན་པའི་ས་ཁུལ་ཕན་མུང་ཇོམ་དུ་མཇལ་འཕྲད་གནང་ཡོད་ཅིང་། ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམ་པ་གཉིས་ཀྱིས་མཇལ་འཕྲད་ཀྱི་རྗེས་སུ༼ཕན་མུང་ཇོམ་བསྒྲགས་གཏམ༽ཞེས་པ་སྤེལ་ཡོད་པ་དང་། བསྒྲགས་གཏམ་ནང་། ལོ་འདིའི་ནང་ཀོ་རི་ཡ་དམག་འཁྲུག་མཇུག་བསྒྲིལ་ནས་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་དེ་ཞི་བདེའི་གྲོས་མཐུན་དུ་བསྒྱུར་གནང་རྒྱུ་དང་། ཨ་རི་དང་རྒྱ་ནག་ཐེ་བའི་ཕྱོགས་མང་གི་ཚོགས་འདུ་འཚོགས་རྒྱུར་སྐུལ་འདེད། ཕན་ཚུན་དགྲ་འཛིན་གྱི་བྱ་སྤྱོད་རིགས་མཚམས་འཇོག་རྒྱུ། དེ་བཞིན་ད་ལོའི་སྤྱི་ཟླ ༥པའི་ཚེས ༡ ནས་བཟུང་ས་མཚམས་ཀྱི་དྲིལ་བསྒྲགས་ལས་དོན་རིགས་མཚམས་བཞག་ནས རྡུལ་ཕྲན་མཚོན་ཆ་མེད་པའི་ཀོ་རེ་ཡ་ཕྱེད་གླིང་ཞིག་བསྐྲུན་རྒྱུའི་དམིགས་ཡུལ་འཛིན་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད།
ཡིན་ན་ཡང་རྡུལ་ཕྲན་མཚོན་ཆ་མེད་པར་ཇི་ལྟར་གཏོང་རྒྱུའི་ཐད་ཕྱོགས་གཉིས་ཀས་འགྲེལ་བརྗོད་གནང་མེད་པ་དང་། དབུ་ཁྲིད་རྣམ་པས་གསལ་བསྒྲགས་སྤེལ་སྐབས། ཀེམ་ཇུང་ཨུང་གིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་སྐོར་མ་གླེང་པར་ཕན་མུང་ཇོམ་བསྒྲགས་གཏམ་བརྩི་སྲུང་བྱ་རྒྱུ་ཡིན་པ་བརྗོད་འདུག
རེས་གཟའ་པ་སངས་ཀྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང། ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམ་གཉིས་དམག་དོན་མ་ཡིན་པའི་ས་ཁུལ་ཕན་མུང་ཇོམ་དུ་མཇལ་འཕྲད་ཕྱག་འཇུ་གནང་རྗེས། ཀེམ་ཇོང་ཨུང་ལྷོ་བྱང་ཀོ་རི་ཡའི་དབྱེ་མཚམས་ས་ཐིག་བརྒལ་ནས་ལྷོ་ཀོ་རེའི་མངའ་ཁོངས་སུ་གོམ་པ་སྤོས་པ་དང་། དེ་ནས་ཀེམ་ཇོང་ཨུང་གི་དགོས་འདུན་ལྟར་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇེ་ཨེན་ཡང་དབྱེ་མཚམས་ས་ཐིག་བརྒལ་ནས་བྱང་ཀོ་རེ་ཡའི་མངའ་ཁོངས་སུ་རྐང་པ་སྤོས་ཡོད་པ་རེད།
ཧྥ་རན་སི་གསར་ལས་ཁང་གི་གནས་ཚུལ་ལྟར་ན། དབྱེ་མཚམས་ས་ཐིག་བརྒལ་བའི་བྱ་སྤྱོད་དེ་དེ་སྔ་ནས་གོ་སྒྲིག་བྱས་མེད་པ་རེད།
ད་ལྟ་ལོ་ན ༣༤ ཅན་གྱི་ཀེམ་ཇོང་ཨུང་ནི་ཀོ་རི་ཡ་དམག་འཁྲུག་གི་རྗེས་སུ་ལྷོ་བྱང་ཀོ་རི་ཡའི་དབྱེ་མཚམས་ས་ཐིག་བརྒལ་བའི་བྱང་ཀོ་རི་ཡའི་སྲིད་འཛིན་ཁོ་ན་དེ་ཆགས་ཡོད་པ་རེད།
ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇེ་ཨེན་གྱིས་ངེད་གཉིས་ལྷོ་བྱང་ཀོ་རི་ཡའི་དབྱེ་མཚམས་ས་ཐིག་ལས་བརྒལ་ཡོད་པས། ད་ནས་བཟུང་ས་ཐིག་དེ་དབྱེ་འབྱེད་ཀྱི་མཚོན་རྟགས་ཤིག་མིན་པར་ཞི་བདེའི་མཚོན་རྟགས་ཤིག་ཡིན་ཞེས་གསུངས་གནང་འདུག
དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་མ་གནང་སྔོན་སྤྱི་ཟླ་ ༤ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན། བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལྷོ་བྱང་ཀོ་རི་ཡ་སྲིད་གཞུང་གིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་མཚམས་འཇོག་བྱ་རྒྱུའི་ཐད། གྲོས་མོལ་དེ་དག་མཛའ་བརྩེ་དང་གུ་ཡངས། ཕྱི་གསལ་ནང་གསལ་ཐོག་ནས་སྔར་གྱི་མི་མཐུན་པ་རྣམས་སེལ་ཏེ། ཡིད་ཆེས་ཀྱི་ཁོར་ཡུག་བསྐྲུན་པ་བརྒྱུད་ཀོ་རི་ཡ་གླིང་ཕྲན་ཁྱོན་ཡོངས་རྡུལ་ཕྲན་མཚོན་ཆ་བྲལ་བའི་ཞི་བདེའི་མངའ་ཁུལ་ཞིག་ཡོང་ཐུབ་རྒྱུར་ངོས་ལ་རེ་བ་ཆེན་པོ་ཡོད། ཞི་བདེའི་ཁོར་ཡུག་སྐྲུན་རྒྱུའི་ལས་དོན་དེ་དག་གལ་ཏེ་ལམ་ལྷོངས་ལྡན་པ་བྱུང་ཚེ་ས་གནས་གཞན་ལའང་མིག་དཔེར་འོས་པ་ཆགས་ཐུབ་རྒྱུ་མ་ཟད། རིམ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་ཐད་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཧ་ཅང་ཐེབས་ཐུབ་རྒྱུ་རེད་ཅེས་བསྔགས་བརྗོད་མཛད་ཡོད།
གསར་འགོད་པ་སྟག་ལྷ་རྒྱལ།