༢༠༢༠ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱལ་ཚོགས་བཟའ་འབྲུའི་ལས་འཆར་སྡེ་ཚན་ལ་ཐོབ་འདུག


2020.10.09
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ལས་འཆར་སྡེ་ཚན་གྱི་ལས་ཁུངས་མདུན། ༡༠།༩།༢༠༢༠ མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ལས་འཆར་སྡེ་ཚན་གྱི་ལས་ཁུངས་མདུན། ༡༠།༩།༢༠༢༠
AP

སྤྱི་ལོ་༢༠༢༠ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ལས་འཆར་སྡེ་ཚན་ལ་ཐོབ་ཡོད་པ་ཡོངས་བསྒྲགས་གནང་འདུག
འདི་ཚེས་༩ཉིན་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་སྤྱི་ལོ་༢༠༢༠ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུ་ལས་འཆར་སྡེ་ཚན་ཐོབ་ནས་སྤྲོད་གཏན་འཁེལ་ཡོད་པ་གསལ་བསྒྲགས་གནང་ཡོད་པ་དང་། གསལ་བསྒྲགས་ནང་། (covid19)་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འོག་འཛམ་གླིང་ཁྱོན་ཡོངས་སུ་ད་ལོར་བཀྲེས་སྐོམ་ཀྱི་དཀའ་ངལ་ཆེ་རུ་སོང་བ་དང་། ཡུལ་ལུང་མི་ཉུང་བའི་ནང་རྒྱུན་ལྡན་གྱི་དཀའ་རྙོག་ཐོག་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱིས་བཟའ་བཅའི་དཀའ་ངལ་འཕྲད་པའི་དུས་འདིར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ལས་འཆར་སྡེ་ཚན་གྱིས་དཀའ་ངལ་དེ་དག་སེལ་རྒྱུར་ཕན་ནུས་ཆེན་པོ་བཏོན་ཡོད་ཅེས་དང་། ད་དུང་སྡེ་ཚན་དེས་ལོ་ལྟར་དམག་འཁྲུག་དང་ནད་ཡམས། རང་བྱུང་གི་གོད་ཆག་འབྱུང་ཡུལ་བཅས་སུ་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བཞིན་པའི་མི་གྲངས་དུང་ཕྱུར་གཅིག་ལྷག་ལ་བཟའ་བཅའ་མཁོ་སྤྲོད་དང་། འདུ་འགོད་ཐབས་ཤེས་བྱེད་པའི་མཛད་རྗེས་ལ་ངོས་འཛིན་བྱེད་པའི་ཆེད་དུ། སྡེ་ཚན་འདིར་ད་ལོའི་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་རྒྱུའི་ཐག་གཅོད་བྱས་པ་ཡིན་པ་བཀོད་འདུག
དེའི་ཐད་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ལས་འཆར་སྡེ་ཚན་གྱིས་དྲ་ལམ་བརྒྱུད། ད་རེས་ནོ་བྷེལ་གཟེངས་རྟགས་འཛིན་སྐྱོང་ལྷན་ཚོགས་ཀྱིས་ང་ཚོའི་སྡེ་ཚན་གྱི་ལས་དོན་ལ་ངོས་འཛིན་གྱིས་ཞི་བདེའི་གཟེངས་རྟགས་གནང་བར་བཀའ་དྲིན་ཆེ། འདིས་འཛམ་གླིང་མི་དམངས་ལ་འཛིན་གླིང་འདིར་ཞི་བདེ་མཁོ་བ་དང་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་དགོས་བ་ནི་གལ་ཆེན་ཡིན་པའི་བརྡ་ལན་འཕྲོད་པ་རེད་ཅེས་བསྒྲགས་འདུག
གོང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ལས་འཆར་སྡེ་ཚན་ནི། སྤྱི་ལོ་༡༩༦༡་ལོར་རྒྱལ་ཚོགས་ཀྱི་ཁོངས་སུ་འཛམ་གླིང་སྟེང་བཀྲེས་སྐོམ་སེལ་བ་དང་འབྲུ་རིགས་མཁོ་སྤྲོད་འདུ་འགོད་རོགས་སྐྱོར་ཆེད་བཙུགས་པ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྟེན་གཞི་བྱས་ཡོད་པ་རེད།
འདི་ལོའི་ནོ་བྷེལ་ཞི་བདེའི་བྱ་དགའ་ཐོབ་འོས་ཀྱི་མིང་གཞུང་རྩེ་ཕུད་ཀྱི་ནང་ཡུ་གུར་བདེ་དོན་འཐབ་རྩོད་པ་ད་ལྟ་རྒྱ་མིའི་བཙོན་ཁང་ནང་ཚེ་བཙོན་གྱི་ཉེས་ཆད་སྒྲུབ་བཞིན་པ་ཨི་ལྷམ་ཏོཧ་ཏི་དང་ཧོང་ཀོང་མང་གཙོ་དང་རང་དབང་ཐོབ་ཐང་དོན་གཉེར་བ་སོགས་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་རྒྱ་ནག་གི་བཙན་གནོན་འོག་མནར་གཅོད་མྱོང་བཞིན་པའི་མི་སྣ་དང་སྒྲིག་འཛུགས་ལ་ཐོབ་སྲིད་པའི་ཚོད་དཔག་ཆེན་པོ་བྱས་ཡོད་པ་རེད།
ནོ་བྷེལ་ཞི་བདེའི་གཟེངས་རྟགས་ནི་ལོ་ལྟར་འཛམ་གླིང་ནང་ཞི་བདེའི་ལས་དོན་ཐད་བྱས་རྗེས་རླབས་ཆེན་འཇོག་མཁན་མི་སྒེར་དང་། སྒྲིག་འཛུགས་སོགས་ལ་འབུལ་སྲོད་ཡོད་ཅིང་། ༡༩༨༩་ལོའི་གཟེངས་རྟགས་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎