མོན་གྷོ་འདོད་རྒུ་གླིང་དུ་ཡང་བསྐྱར་བདུན་གཉིས་རིང་ཁྱིམ་སྡོད་བཀའ་རྒྱ་གཏོང་དགོས་བྱུང་འདུག
2020.10.12
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟང་ཇེ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས་བདུན་ཕྲག་གཉིས་ཀྱི་རིང་སླར་ཡང་ཁྱིམ་སྡོད་བཀའ་རྒྱ་གཏོང་རྒྱུ་རེད།
ཉེ་བའི་ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟང་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཟླ་བ་འདིའི་ཕྱི་ཚེས་༡༡རེས་གཟའ་ཉིན་མའི་ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཁུངས་ཀྱི་ནང་། (covid-19)ཏོག་དབྱིབས་ནད་ཡམས་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཚང་འཛོམས་ཀྱིས་གཞིས་ཁུངས་དེའི་གཞིས་དགོན་གཉིས་ཀྱི་མི་མང་ནང་ཁུལ་ལ་(covid-19)ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་ཆེད། ཟླ་བ་འདིའི་ཕྱི་ཚེས་༡༥ཉིན་ནས་བདུན་ཕྲག་གཉིས་ཀྱི་རིང་གཞིས་ཁུངས་དེའི་ནང་འགྲོ་བསྐྱོད་བཀག་སྡོམ་དང་ཁྱིམ་སྡོད་བཀའ་རྒྱ་ལག་བསྟར་བྱེད་རྒྱུའི་སྤྱི་མོས་ཐག་གཅོད་བྱུང་ཡོད་པ་རེད།
དེའི་སྐོར་འདོད་རྒུ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ངག་དབང་ཐུབ་བསྟན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན། གཞིས་ཁུངས་དེའི་ནང་གཙོ་བོ་འདས་པའི་ཉིན་དྲུག་གི་རིང་། སྔ་རྗེས་རིམ་པར་(covid-19)ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་མི་གྲངས་ཇེ་མང་དུ་ཕྱིན་ཏེ་ཁྱོན་སྡོམ་དུས་ཡུན་དེའི་ནང་ནད་པ་མི་གྲངས་༡༩༣ཐོན་པ་ལ་བརྟེན་ནས་དེ་ལྟར་ཐག་གཅོད་བྱས་བ་ཡིན་པ་རེད། དུས་ཡུན་དེའི་རིང་གཞིས་ཁུངས་ཀྱི་ཏོག་དབྱིབས་ནད་ཡམས་ཛ་དྲག་ཆུང་གི་ཚོགས་གཙོ་གཙོས་པས་འཐུས་མི་རྣམ་པ་མ་གཏོགས་གཞན་མི་མང་རྣམས་ཕྱིར་ཐོན་མི་ཆོག་པ་དང་། དེ་སྔོན་ལྟར་མང་ཚོགས་ཀྱི་དགོས་མཁོ་ཁག་བཀོད་སྒྲིག་གནང་གི་ཡོད་ཅེས་དང་། གཞི་རྩའི་མོན་གྷོ་འདོད་རྒུ་གླིང་གཞིས་ཁུངས་སུ་ཏོག་དབྱིབས་ནད་ཡམས་ཛ་དྲག་ལས་འགུལ་ཚོགས་ཆུང་གིས། ད་བར་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་མ་ཟད། ལྷག་པར་དུ་ད་བར་འཕགས་བོད་གཉིས་ཀྱི་འཕྲོད་བསྟེན་སྨན་ཁང་ཟུང་འབྲེལ་གྱིས་བོད་མི་༣༠༠༠བརྒལ་བ་ཞིག་ལ་རྟག་དཔྱད་གནང་ཡོད་པ་མ་ཟད། ད་དུང་ད་ལྟའི་ཆར་ཉིན་ལྟར་བོད་མི་༢༥༠ནས་༣༠༠ཡས་མས་བར་ལ་རྟག་དཔྱད་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེ་མིན་ད་བར་མོན་གྷོ་གཞིས་ཁུངས་སྤྱི་ཡོངས་སུ་ཁྱོན་བསྡོམས་མི་གྲངས་༣༦༨(covid-19)ཏོག་དབྱིབས་ནད་ཡམས་ཕོག་ཡོད་པ་དང་། དེའི་ཁྲོད་ཀྱི་མི་གྲངས་༢༤༦དྲག་སྐྱེས་བྱུང་ཟིན་པ་དང་། མི་གྲངས་༥་འདས་གྲོངས་ཕྱིན་པ། ད་ལྟ་སྨན་བཅོས་བྱེད་བཞིན་པའི་ནད་པ་༡༡༧ཡོད་པ་རེད་འདུག
རྒྱ་གར་གཞུང་གི་འཕྲོད་བསྟེན་ལས་ཁུངས་འབྲེལ་ཡོད་ཀྱི་གྲངས་ཐོ་ལྟར་ན། རྒྱ་གར་ནང་ཕྱི་ཟླ་༡༠ཚེས་༡༢ཉིན་བར་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གྲངས་༧༡༧༢༥༥༩ཐོན་པ་དང་། དེའི་ཁྲོད་ཀྱི་ནད་པ་གྲངས་༡༠༩༨༨༡འདས་གྲོངས་སུ་ཕྱིན་པ་དང་། ནད་པ་གྲངས་༦༢༢༣༣༧༢དྲག་སྐྱེས་བྱུང་ཡོད་འདུག
དེ་བཞིན་སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༡༢བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་༣༧་དང་བརྒྱད་འབུམ་བཞི་ཁྲི་ལྷག་བྱུང་བའི་ཁྲོད། ནད་པ་མི་གྲངས་ས་ཡ་གཅིག་དང་བརྒྱད་ཁྲི་གཉིས་སྟོང་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་སྐབས་ནད་པ་མང་ཤོས་ཨ་མི་རི་ཀ་དང་། རྒྱ་གར། བྷིར་ཛལ། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་རེད།