ལྷོ་ཀོ་རི་ཡའི་མི་མང་ཆིག་སྒྲིལ་དགོས་པའི་འབོད་སྐུལ།
2010.12.27
༄༅༎ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མིཡང་སྦཀ་མཆོག་གིས་ལྷོ་ཀོ་རི་ཡའི་མི་མང་རྣམས་ཆིག་སྒྲིལ་ཐོག་བྱང་ཀོ་རི་ཡར་གདོང་ལེན་བྱེད་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ ལྷོ་ཀོ་རིཡའི་སྲིད་འཛིན་ལི་མཆོག་གིས་བདུན་གཉིས་རེའི་མཚམས་ཀྱི་རྒྱལ་ཡོངས་རླུང་འཕྲིན་རྒྱང་སྲིང་གི་གསུང་བཤད་ནང་ལྷོ་ཀོ་རི་ཡ་ཞི་བདེར་འདུན་པ་ཡོད་ནའང་བྱང་ཀོ་རི་ཡའི་འཇིགས་སྣང་ཆེ་བའི་བྱ་སྤྱོད་དེར་ཞེད་སྣང་བྱེད་མི་རུང་བའི་འབོད་བསྐུལ་གནང་ཡོད་པ་རེད་
ཉེ་ལམ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་མཚོ་གླིང་ཞིག་ལ་མེ་སྒྱོགས་རྒྱབ་ནས་དྲག་པོ་དང་ཞི་བའི་མི་བཞི་དམར་གསོད་བཏང་རྗེས་ལྷོ་ཀོ་རི་ཡས་མཚོ་གླིང་དེར་དམག་སྦྱོང་གི་སྦྱོང་བདར་ཞིག་བྱས་པར་བྱང་ཀོ་རི་ཡས་དེར་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད་ ཟླ་བ་གཉིས་གོང་ལྷོ་ཀོ་རི་ཡའི་དྲག་པོའི་མཚོ་གྲུ་ཞིག་བྱང་ཀོ་རི་ཡས་གཏོར་རྒོལ་བཏང་བར་ལྷོ་ཀོ་རི་ཡའི་མི་མང་ཁག་ཅིག་གིས་དེ་བྱང་ཀོ་རི་ཡར་ལེ་ཁག་མེད་པའི་གཏམ་བཤད་བྱས་པ་དེར་སྲིད་འཛིན་ལི་མཆོག་གིས་མི་མང་ནང་བསམ་ཚུལ་དེ་འདྲ་འཛིན་པ་དེས་བྱང་ཀོ་རི་ཡའི་གོ་སྐབས་ཟིན་གྱི་ཡོད་སྐོར་གསུངས་འདུག
དེ་ཡང་སྲིད་འཛིན་ལི་མཆོག་གིས་ལྷོ་ཀོ་རི་ཡའི་ནང་བྱང་ཀོ་རི་ཡའི་བྱེད་བབས་ཐོག་མི་མང་ནང་བསམ་ཚུལ་འདྲ་མིན་ཡོད་པ་དེས་བྱང་ཀོ་ཡས་གོ་སྐབས་ལེན་ནས་ལྷོ་ཀོ་རི་ཡར་དྲག་རྒོལ་དང་འཇིགས་བསྐུལ་གྱི་ལས་འགུལ་སྤེལ་གྱི་ཡོད་སྐོར་གསུངས་འདུག ཁོང་གིས་བྱས་ཀོ་རི་ཡས་ང་ཚོའི་མི་མང་གི་ཆིག་བསྒྲིལ་དེར་ཁ་གཏད་གཅོག་སྐབས་ང་ཚོས་ཆིག་བསྒྲིལ་གྱི་ནུས་པ་དེ་བཏོན་ན་ཁོང་ཚོས་ང་ཚོར་ཁ་གཏད་གཅོག་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག
གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་ཉེ་སྔོན་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཡོན་པོཡོན་ནང་དྲག་རྒོལ་བྱས་པ་དེ་བྱང་ཀོ་རི་ཡའི་འགོ་འཁྲིད་བརྗེ་བསྒྱུར་གྲ་སྒྲིག་དང་འབྲེལ་བ་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད་ ཁོང་ཚོས་བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇོང་ཨིལ་གྱི་རྗེས་འཛིན་བུ་ཀིམ་ཇོང་ཨུན་འགོ་འཁྲིད་མཁྲེགས་པོ་ཞིག་དང་ཐག་ཆོད་པོ་ཞིག་ཡོད་པ་མིག་བཏོན་གྱིས་བྱང་ཀོ་རི་ཡའི་མི་མང་ཆིག་བསྒྲིལ་ཡོང་ཐབས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་གི་ཡོད་པ་རེད་