དོན་དངོས་བོད་ནང་གི་བོད་མིར་དཀའ་ངལ་འཕྲད་བཞིན་ཡོད།
2019.04.23

བོད་མཚོ་སྔོན་ཞིང་ཆེན་ཞོན་དཔའ་རྫོང་ཁུལ་དུ་རྒྱ་ནག་གཞུང་གིས་ཡར་རྒྱས་བཏང་འདུག་བསམ་པའི་ཚོར་བ་སླེབས་ཀྱང་། དོན་དངོས་ཐོག་ས་ཆ་ཁུག་སྐྱོག་ཁག་ལ་སྔར་བཞིན་འགྱུར་བ་ཅི་ཡང་ཐེབས་མེད་པའི་སྐོར་བོད་དུ་ཕྱི་བསྐྱོད་ལམ་ཡིག་རག་ནས་བལ་ཡུལ་དུ་ཕེབས་པའི་བོད་མི་ཞིག་གིས་ང་ཚོ་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང་། དེ་ཡང་ཁོང་གིས་བརྗོད་དོན་ལྟར་ན། སྤྱིར་ན་དེང་སྐབས་བོད་ནང་ལ་སྲིད་གཞུང་ནས་རྣམས་གྲངས་ཀྱི་རོགས་སྐྱོར་བྱས་པ་ལ་བརྟེན་ནས་ཡར་རྒྱས་སོང་ཡོད་ས་དང་མེད་ས་གཉིས་ཡོད་པ་དང་དཔེར་ན་ཁོང་རང་གི་ཕ་ཡུལ་ཞོན་དཔའ་ས་གནས་ལ་མཚོན་ན་གཞུང་ལམ་ཁར་འཁེལ་ཡོད་པའི་རབ་བྱུང་སྡེ་བ་དང་། མ་རི་སྡེ་བ། ཡ་རི་སྡེ་བ། མང་ཡེ་སྡེ་བ་འདི་དག་ལ་སྲིད་གཞུང་ནས་རྣམས་གྲངས་མང་པོ་ཞིག་སྤྲད་ནས་དུད་ཁྱིམ་སོ་སོའི་གཞི་རྭ་དང་ཁོར་ཡུག་ལ་རྒྱས་སྤྲས་བྱས་ནས་ལས་བ་དང་མཛེས་སྤྲས་ཀྱི་ཡར་མར་འགྲུལ་བཞུད་མཁན་དང་གོང་རིམ་ནས་དཔོན་རིགས་སླེབས་པའི་སྐབས་སུ། དངོས་ནས་ཡར་རྒྱས་སོང་འདུག་བསམ་པའི་ཚོར་བ་སླེབས་པ་ཞིག་དུ་གྱུར་ཡོད་པ་རེད། འོན་ཀྱང་གཞུང་ལམ་ཁར་དང་འཁེལ་མེད་པའི་ཆུ་རྒྱ་གོང་མ་དང་ཆུ་རྒྱ་འགབ་མ་སྡེ་བ། ཅོང་རྒྱ་སྡེ་བ་དང་སྙེན་ཚང་སྡེ་བ་དེ་དག་ལ་ད་དུང་ཡང་སྔར་བཞིན་འགྱུར་བ་ཅི་ཡང་ཐེབས་ཡོད་པ་མ་རེད། ཅེས་དང་། ཆབ་སྲིད་ཀྱི་ཕྱོགས་ནས་དྲི་བ་དག་ལ་ལན་འདེབས་བྱེད་རྒྱུར་ཁག་པོ་རེད་རང་གི་ཁྱིམ་ཚང་གི་འཚོ་བའི་ཆེད་དུ་འདི་ལྟར་ཚོང་དོན་དང་འབྲེལ་ནས་ཕྱི་བསྐྱོད་ལམ་ཡིག་རག་ནས་ཡོང་བ་ཡིན་པས་ཆབ་སྲིད་དང་འབྲེལ་བའི་སྐོར་ནས་གསུངས་སྟབས་བདེ་པོ་མེད་སྐོར་གསུངས་འདུག།