སྲིད་སྐྱོང་མཆོག་གིས་ཨོསི་ཊརེ་ལི་ཡའི་རྒྱལ་སར་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་(Australia)་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཟླ་༦པའི་ཚེས་༡༩རེས་གཟའ་ཟླ་བའི་ཉིན། ཨོསི་ཊརེ་ལི་ཡའི་(New South Wales)་མངའ་སྡེའི་གྲོས་ཚོགས་སུ་ཕེབས་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོ་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་རེད།
ལས་རིམ་དེ་བཞིན་མངའ་སྡེ་གྲོས་ཚོགས་འཐུས་མི་(Micheal Regan)་ལགས་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་(James Griffin)་ལགས། ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་སམ་བོད་དོན་རྒྱབ་སྐྱོར་ཚོགས་པ་(Australia Tibet Council) དེ་བཞིན་ཨོསི་ཊརེ་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅས་ཀྱིས་མཉམ་འབྲེལ་གྱི་སྒོ་ནས་གོ་སྒྲིག་གནང་བ་དང་། ཨོསི་ཊརེ་ལི་ཡའི་(SBSNEWS)་ཞེས་བའི་གསར་ལས་ཁང་གི་གསར་འགོད་པ་(Karla Grant)་ལགས་ཀྱིས་གཙོ་སྐྱོང་གནང་འདུག
སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་གསར་ཤོག་(Sydney Morning Herald)་གི་གསར་འགོད་པ་(Mathew Knott)་ལགས་ཀྱིས་བཅར་འདྲི་དང་ལེན་གནང་བ་སོགས་ཨོསི་ཊརེ་ལི་ཡའི་(Sydney)་ཁུལ་གྱི་མཛད་འཆར་ཁག་ལེགས་འགྲུབ་རྗེས་ཨོསི་ཊརེ་ལི་ཡའི་རྒྱལ་ས་(Canberra)་ཕེབས་པ་དང་། ཉིན་རྒྱབ་རྒྱལ་སའི་གནམ་ཐང་དུ་འབྱོར་མཚམས་ཁེན་བྷར་ར་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་། སེར་སྐྱ་མང་ཚོགས་བཅས་ནས་སྣེ་ལེན་ཕེབས་བསུ་གནང་བ་དང་། དེའི་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེན་བྷར་ར་ཁུལ་གྱི་གནས་སྡོད་རང་རིགས་མང་ཚོགས་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།