རང་བཙན་དང་དབུ་མའི་ལྟ་བ་ལངས་ཕྱོགས་གང་བཟུང་རུང་གཙོ་བོ་ཕར་རྒྱ་ནག་ལ་ཁ་གཏད་ནས་ནུས་པ་འདོན་དགོས། སྲིད་སྐྱོང་མཆོག་གིས།

2022.05.02
རང་བཙན་དང་དབུ་མའི་ལྟ་བ་ལངས་ཕྱོགས་གང་བཟུང་རུང་གཙོ་བོ་ཕར་རྒྱ་ནག་ལ་ཁ་གཏད་ནས་ནུས་པ་འདོན་དགོས། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དུ་བོད་མི་ཚོར་བོད་དོན་གཏམ་བཤད་གནང་སྐབས། ༠༥།༠༡།༢༠༢༢
བློ་བཟང་ཆོས་འཕེལ།/RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་ནས་གནད་ཡོད་དཔོན་རིགས་དང་མཇལ་འཕྲད་སོགས་ཀྱི་མཛད་རིམ་བསྐྱངས་རྗེས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་འབྱོར་གྱིས་འདི་ཚེས་༡ ཉིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་ཕེབས་པར་ས་གནས་ཀྱི་བོད་མི་རྣམས་ཀྱིས་ཕེབས་བསུ་ཞུས་གནང་སོང་།
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ལས་འཁུར་བཞེས་པ་ནས་བཟུང་། གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཁྲིམས་སྒྲིག་ལྟར་ཡར་རྒྱས་ཚགས་ཚུད་བཏང་ཡོད་པའི་སྐོར་དང་། དེ་བཞིན་བཀའ་ཤག་སྐབས་༡༦པས་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཞག་པའི་སྒོ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་བཞིན་པའི་བརྒྱུད་རིམ་དང་འབྲེལ་ནས། བོད་མི་རྒན་གཞོན་ཚང་མས་བོད་ཀྱི་བྱུང་རབས་ལོ་རྒྱུས་སྐོར་ཤེས་དགོས་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་དང་། བསྟན་བདག་བླ་ཆེན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་བཙན་བྱོལ་བ་གཞན་དང་མ་འདྲ་བའི་སྒོ་ནས་ནས་མང་གཙོའི་ལམ་དུ་འགྲོ་བཞིན་པ་དང་། དེ་བཞིན་མི་རབས་རྒན་པ་ཚོས་དཀའ་སྡུག་མང་བོ་མྱང་ནས་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ལ་ང་ཚོ་སླེབས་ཡོད་པ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གཏམ་བཤད་གནང་ཡོད་པ་རེད།
དེ་བཞིན་བོད་མི་ཚོས་ཡུལ་ལུང་སོ་སོའི་ཞེན་ཁོག་དེ། རང་གི་ཆོལ་ཁ་དང་ཡུལ་ལུང་གཅིག་པའི་ཤེས་ཡོན་དང་། འཕྲོད་བསྟེན་དང་དབུལ་ཕུངས་ལ་རོགས་འདེགས་སོགས་སྤྱི་ཚོགས་ཕན་བདེའི་ཆེད་དུ་འདོན་དགོས་པ་ལས། བོད་པའི་སྤྱི་ཚོགས་ཁྲོད་འགལ་ཟླ་འགྲོ་བའི་རྒྱུ་རུ་མི་འགྲོ་བར་བསམ་གཞིགས་གཏོང་དགོས་པ་དང་། དེ་བཞིན་སྒེར་དང་ཚོགས་སྡེ་གང་གིས་རང་བཙན་གཙང་མའི་ལྟ་བ་དང་དབུ་མའི་ལམ་གྱི་སྲིད་ཇུས་གཉིས་ཀྱི་ལྟ་བ་ལངས་ཕྱོགས་གང་བཟུང་རུང་རང་དབང་ཡིན། ཡིན་ན་ཡང་གཙོ་བོ་རྒྱ་ནག་ལ་ཕར་ཁ་གཏད་བྱས་ནས་ནུས་པ་འདོན་དགོས་པ་སོགས་ལམ་སྟོན་གསུང་བཤད་གནང་ཞིང་། གཏམ་བཤད་རྗེས་ཚོགས་བཅར་བ་མང་པོའི་དྲི་བར་བཀའ་ལན་གནང་ནས་གསལ་བཤད་གནང་ཡོད་པ་རེད།

Sikyong penpa tsering NY (3).JPG
ཉིན་རྒྱབ་བྱང་ཧྥེ་ལ་ཤིན་ས་གནས་སུ་རྒྱ་རིགས་ཤེས་ཡོན་ཅན་དང་དམངས་གཙོ་དོེན་གཉེར་བ་ཁག་ཅིག་དང་མཇལ་འཕྲད་གནང་ནས་བོད་དོན་གཏམ་བཤད་དང་བཀའ་མོལ་གནང་བ་དང་། དེའི་རྗེས་བོད་རིགས་གཞོན་སྐྱེས་ཁག་ལ་ཐུག་འཕྲད་ཀྱི་སྒོ་ནས་བོད་དོན་གླེང་མོལ་གནང་ཡོད་པ་རེད།
དགོང་དྲོར་བོད་རིགས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་མཆོག་ལ་ཆེད་བསྟོད་ཀྱི་གསོལ་སྟོན་འབུལ་ལམ་ཞུས་པར་ས་གནས་བོད་མི་མང་པོ་མཉམ་ཞུགས་གནང་ནས་དགའ་སྟོན་ལ་རོལ་ཡོད་པ་རེད།

གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎