ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་ཀྱི་ལོ་གསར་དང་འབྲེལ་བའི་ཁྲིམས་གཞི་གཏན་འབེབས་བྱུང་འདུག

2025.01.24
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་ཀྱི་ལོ་གསར་དང་འབྲེལ་བའི་ཁྲིམས་གཞི་གཏན་འབེབས་བྱུང་འདུག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་ཀྱི་ལོ་གསར་དང་འབྲེལ་བའི་ཁྲིམས་གཞི་གཏན་འབེབས་བྱུང་རྗེས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་སྐབས། ༠༡།༢༣།༢༠༢༥
Facebook /Council Member Julie Won

*སྤྱི་ཟླ་༢ཚེས་༢༦ཉིན་གནས་ཚུལ་ཁ་སྣོན་བྱས།

དེ་ཡང་སྤྱི་ཟླ་དང་པོའི་ཚེས་༢༣ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་གྲོང་སྡེ་ལྷན་ཚོགས་ནས། བོད་ཀྱི་ལོ་གསར་ཉིན་མོ་དེ་བཞིན་གཞུང་འབྲེལ་གྱི་དུས་ཆེན་གཞན་ལྟར་དེ་ཉིན་ནིའུ་ཡོག་གྲོང་ཁྱེར་ནང་གཞུང་ལམ་གཙང་བཟོ་ཉིན་མོར་འཁེལ་བ་ཡིན་ན། གཞུང་ལམ་གཙང་བཟོ་མི་དགོས་པར་རླངས་འཁོར་བཀག་འཇོག་ཆོག་པའི་ས་གནས་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པ། དེ་སྔ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་གྲོང་སྡེ་ལྷན་ཚོགས་སུ་གོང་ཞུས་བོད་ཀྱི་ལོ་གསར་དང་འབྲེལ་བའི་ས་གནས་ཁྲིམས་གཞི་དེ་གཏན་འབེབས་ཡོང་ཆེད་ཉན་ཞིབ་ཚོགས་འདུའི་ཐོག་མཉམ་ཞུགས་མཁན་གྲས་ནིའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་གནང་བཞིན་པ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བོད་ཀྱི་ལོ་གསར་དང་འབྲེལ་བའི་ཁྲིམས་ཡིག་དེ་ལ་འོས་ཤོག་ཀྱི་གྲངས་ཀ་ལོན་ནས་གཏན་འབེབས་བྱུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

New York City celebrate Losaract (2).jpg
ནིའུ་ཡོག་གི་གྲོང་སྡེ་ལྷན་ཁང་གི་འཐུས་མི་(Julie Won)་ལགས།


རྩ་བའི་གོང་ཞུས་ནིའུ་ཡོག་ས་གནས་ཀྱི་བོད་ཀྱི་ལོ་གསར་དང་འབྲེལ་བའི་ཁྲིམས་འཆར་དེ་ནི་སྔ་ལོའི་སྤྱི་ཟླ་༢པའི་ནང་ནིའུ་ཡོག་གི་གྲོང་སྡེ་ལྷན་ཁང་གི་འཐུས་མི་(Julie Won)་ཡིས་བཏོན་གནང་བ་ཞིག་ཡིན་པ་དང་། སྐབས་དེར་ཁོང་གིས་བོད་ཀྱི་གནམ་ལོ་གསར་ཚེས་ཀྱི་ཉིན་མོ་དེ་བཞིན་བོད་དང་འབྲུག་ཡུལ། རྒྱ་གར། བལ་ཡུལ་སོགས་ནས་ཕེབས་པའི་ནིའུ་ཡོག་ཏུ་གནས་སྡོད་བོད་མི་ནང་པ་དང་ཧི་མ་ལ་ཡའི་མི་གྲངས་༦༡༠༠༠ལྷག་གིས་སྲུང་བརྩི་ཞུ་བཞིན་པའི་ཉིན་མོ་ཞིག་ཡིན་པ་གསུངས་ཡོད།
ནིའུ་ཡོག་གྲོང་སྡེ་ལྷན་ཚོགས་ཀྱི་གྲོས་གཞི་ཨང་གྲངས་༡༠༠པ་ཞེས་པ་འདིའི་ནང་། ལོ་ལྟར་ལོ་གསར་ནམ་འཁེལ་གྱི་ཉིན་དང་པོར་གཞུང་ལམ་གཙང་བཟོ་ཉིན་མོར་འཁེལ་བ་ཡིན་ན། གཞུང་ལམ་གཙང་བཟོ་མི་དགོས་པར་རླངས་འཁོར་མོ་ཀྲ་བཀག་འཇོག་ཆོག་པ་གསལ་འདུག

ལོ་སྔོན་མའི་སྤྱི་ཟླ་༩བའི་ཚེས་༢༣ཉིན་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཚོགས་ཁང་དུ་གོང་ཞུས་བོད་ཀྱི་ལོ་གསར་ཉིན་མོ་ནིའུ་ཡོག་གྲོང་ཁྱེར་ནང་གཞུང་ལམ་གཙང་བཟོ་ཉིན་མོར་འཁེལ་བ་ཡིན་ན། གཞུང་ལམ་གཙང་བཟོ་མི་དགོས་པར་རླངས་འཁོར་བཀག་འཇོག་ཆོག་ཐད་ལ་ནིའུ་ཡོག་གྲོང་ཁྱེར་གྱི་ས་གནས་ཀྱི་ཁྲིམས་ཡིག་འདི་གཏན་འབེབས་ཡོང་བར་མི་མང་གི་ཉན་ཞིབ་ཅིག་ཚོགས་ཡོད་པ་དང་། སྐབས་དེར་ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ནོར་བུ་ཚེ་རིང་ལགས་དང་། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་རྡོར་ལགས་དང་། དེ་བཞིན་བལ་ཡུལ་གྱི་ཤར་པ་སྐྱིད་སྡུག་གི་ཚོགས་མི་ཁག་སོགས་བོད་དང་ཧི་མ་ལ་ཡའི་མི་ཁྱོན་སྡོམ་བཅོ་ལྔ་ཙམ་ཉམས་ཞུགས་གནང་ཡོད་པ་ལྟར་སྐབས་དེར། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་ནོར་བུ་ཚེ་རིང་ལགས་ཀྱིས་ཁྲིམས་ཡིག་འདི་གཏན་འབེབས་བྱུང་བ་བརྒྱུད་མ་འོངས་བར་ནིའུ་ཡོག་གྲོང་སྡེ་ལྷན་ཚོགས་སུ་བོད་དང་འབྲེལ་བའི་ཁྲིམས་འཆར་གཞན་ལ་ཡང་རྒྱབ་སྐྱོར་ཐོབ་ཐུབ་པའ་རེ་བ་ཡོད་པ་སོགས་གསུང་ཡོད།
སྤྱི་ལོ་༢༠༢༥ལོའི་སྤྱི་ཟླ་དང་པོའི་ཚེས་༢༣ཉིན་གྱི་ཉིན་རྒྱབ་ནིའུ་ཡོག་གྲོང་སྡེ་ལྷན་ཚོགས་ནས་བོད་ཀྱི་ལོ་གསར་དང་འབྲེལ་བའི་ས་གནས་ཁྲིམས་ཡིག་དེ་གཏན་འབེབས་གསལ་བསྒྲགས་གནང་ཡོད་པ་དང་། དེ་མ་ཐག་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་འདུ་འཛོམས་ཀྱིས་ནིའུ་ཡོག་གྲོང་སྡེ་ལྷན་ཚོགས་ཀྱིས་ཁྲིམས་ཡིག་གཏན་འབེབས་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

དེ་བཞིན་ཡང་ཉེ་དུས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོས་སྡེ་ཚན་གྱིས་བོད་ཡིག་ཐོག་ནས་ངོ་དེབ་གཅིག་ཀྱང་གསར་བཟོ་གནང་འདུག་ལ། འདི་ཚེས་༢༣ཉིན་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོ་བའི་སྡེ་ཚན་འགན་འཛིན་དང་ལས་བྱེད་གསུམ་བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་ཁྲོམ་ར་གཟིགས་སྐོར་གནང་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎