བོད་དོན་ལ་གནོད་པའི་ལས་ཕྲ་མོ་ཙམ་ཡང་མི་བྱེད་པའི་དམ་བཅའ་འཇོག་གལ་ཆེ། སྤྱི་འཐུས་ཚོགས་གཙོ་མཆོག་གིས།
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༨པ་ལེགས་འགྲུབ་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་གཙོས་སྤྱི་འཐུས་ཁག་ཅིག་ཕྱི་ཟླ་༦པའི་ཚེས་༢༥ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཕེབས་འབྱོར་བྱུང་ནས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་ས་གནས་ཀྱི་བོད་མི་རྣམས་ལ་བོད་དོན་གསུང་བཤད་དང་མི་མང་གི་དྲི་བར་དྲིས་ལན་གནང་ཡོད་པ་རེད། སྐབས་དེར་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལྷ་དབང་དངོས་འགྲུབ་ལགས་ཀྱིས་འདས་པའི་ལོ་གཉིས་རིང་གི་བོད་རིགས་སྤྱི་མཐུན་ཚོགས་པའི་གནས་སྟངས་སྤྱི་ཡོངས་ནས་ངོ་སྤྲོད་ཞུས་པ་དང་འབྲེལ་ནས་འཚམས་འདྲིའི་གཏམ་བཤད་གནང་བ་དང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཉེ་བའི་ཆར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་བསྐོང་ཚོགས་གནང་བའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༨པའི་སྐོར་དང་འབྲེལ་ནས། ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་ཐོག་རྒྱབ་སྐྱོར་གྱི་ཕྱག་ལས་ཚད་མཐོ་པོ་གནང་ཐུབ་པ་བཞིན། མ་འོངས་པར་རྒྱལ་ཁབ་གཞན་ཁག་གི་གྲོས་ཚོགས་ནང་བོད་དོན་ཐོག་ཕྱག་ལས་གནང་ཕྱོགས་ཐད་གོ་བསྡུར་ལྷུག་པོ་བྱུང་ཡོད་པའི་སྐོར་དང་། དེ་བཞིན་ལྷོ་ཤར་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་ཁག་ཏུ་བོད་ཀྱི་ཆོས་རིག་ཐོག་ནས་འབྲེལ་བ་ཡོད་པ་ཙམ་མ་ཡིན་པར། བོད་ཀྱི་ཁོར་ཡུག་དང་། ལྷག་པར་དུ་བོད་ནས་རྒྱུག་བཞིན་པའི་གཙང་བོ་སོགས་ཀྱི་ཐད་ནས། བོད་ཀྱི་གནད་དོན་དེ་རྒྱལ་ཁབ་དེ་དག་དང་འབྲེལ་བ་ཡོད་བསྡད་པ་གསལ་བོར་སྟོན་ཐུབ་པ་བྱེད་རྒྱུ་དང་། བོད་ཀྱི་ལོ་རྒྱུས་གནས་བབས་ཀྱི་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་རྒྱལ་ཁབ་གཞན་ཁག་ཏུ་གསལ་སྟོན་འགྲེལ་བརྗོད་བྱེད་རྒྱུ་མཚོན་པའི། བོད་ཀྱི་བདེན་མཐའ་སེལ་ཐབས་སུ་བོད་མི་མི་རེ་ངོ་རེ་ནས་བོད་པའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་ཐོག་འགན་ཁུར་བཞེས་དགོས་པ་མ་ཟད། ནམ་རྒྱུན་༧གོང་ས་མཆོག་གི་དགོངས་གཞི་དང་མི་འགལ་བ་དང་བོད་མི་རིགས་ལ་གནོད་པའི་ལས་ཕྲ་མོ་ཙམ་ཡང་མི་བྱེད་པའི་དམ་བཅའ་སེམས་ལ་འཇོག་དགོས་གལ་ཆེ་བ་སོགས་གསུངས་བཤད་གནང་སོང་།
དེ་བཞིན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསུངས་བཤད་གནང་བའི་ནང་། བོད་མི་རིགས་རྒྱུན་གནས་ཐུབ་ཐབས་སུ་ད་ལྟའི་ཆར་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཕོ་མོ་ཚོས་བུ་ཕྲུག་མང་ཙམ་སྐྱེ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་དང་མཉམ་དུ་བུ་ཕྲུག་ཚོའི་བསམ་བློའི་ནང་བོད་མི་རིགས་ཀྱི་འདུ་ཤེས་དང་། འདས་པའི་བོད་ཀྱི་ལོ་རྒྱུས་ཤེས་འཇུག་རྒྱུ་གལ་ཆེན་པ་ཡིན་པའི་སྐོར་དང་། གཞན་བཙན་བྱོལ་བོད་མི་ཚོ་ནི་བོད་དོན་འཐབ་རྩོད་བྱེད་མཁན་ཡིན་པས། འཐབ་རྩོད་ལ་མཚོན་ན་གཅིག་སྒྲིལ་གྱི་ནུས་པ་དེ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས། བོད་མི་ཚང་མས་སྒོ་གསུམ་གྱི་སྤྱོད་པ་དེ་བོད་སྤྱི་བའི་རྩ་དོན་ལ་ཕན་ཐོགས་ཡོད་མེད་སྐོར་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་ཅེས་གསུང་བཤད་གནང་ཡོད་པ་རེད།
མཇུག་ཏུ་མི་མང་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།