ཤར་ཏུར་ཀི་སི་ཐན་དུ་མུ་མཐུད་དམ་བསྒྲགས་བྱེད་བཞིན་སྐོར།

ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་བདེ་འཇགས་ཀྱི་ཐད་ནས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་མུ་མཐུད་བྱེད་བཞིན་འདུག

2009.07.09

༄༅༎རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་རྒྱ་རིགས་དང་ས་གནས་ཀྱི་ཡུ་གུར་མི་རིགས་དབར་དྲག་ཟིང་གི་འཁྲུག་འཛིང་བྱུང་རྗེས་ད་ཆ་རྒྱུན་ལྡན་གྱི་འཚོ་བ་ཕྲན་བུའི་བསྐྱར་གསོ་འབྱུང་བཞིན་ཡོད་ཀྱང་བདེ་འཇགས་ཀྱི་ཐད་ནས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་མུ་མཐུད་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔོན་མ་རེས་གཟའ་ཉི་མའི་ཉིན་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་ཡུ་གུར་ཁ་ཆེའི་མི་རིགས་སྟོང་ཚོ་ལྷག་གིས་ཁྲོམ་གཞུང་ཐོག་དྲག་ཟིང་གི་ལས་འགུལ་སྤེལ་བ་དང་ལས་འགུལ་དེའི་ཁྲོད་བདེ་འཇགས་མི་སྣས་དྲག་གནོན་རྐྱེན་པས་ཁྱོན་མི་གྲངས་༡༥༦རྐྱེན་འདས་སུ་སོང་ཡོད་པ་མ་ཟད་ཉིན་གྲངས་གསུམ་རིང་རྒྱ་རིགས་དང་ཡུ་གུར་མི་རིགས་དབར་འཐབ་རྒོལ་མུ་མཐུད་བྱས་པར་བརྟེན་རྒྱ་ནག་གཞུང་གིས་བདེ་འཇགས་མི་སྣ་སྟོང་ཚོ་མང་པོ་འགྲེམས་འཇོག་བྱས་ཏེ་དྲག་པོའི་ཁྲིམས་གཞི་བཀོད་སྡོམ་བྱས་པའི་གནས་སྟངས་ལྟ་བུར་གྱུར་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་ཨུ་རུམ་ཆི་གྲོང་ཁྱེར་སྤྱི་ཁྱབ་ནས་གྲོང་ཁྱེར་གྱི་གནས་སྟངས་ད་ཆ་རྒྱུན་ལྡན་ལྟར་སྐྱར་གསོ་ཐུབ་ཡོད་ལུགས་སྐོར་འགྲེལ་བརྗོད་བྱས་འདུག་ལ་ལྷག་པར་དུ་བདེ་འཇགས་མི་སྣས་དེ་སྔོན་རྒྱ་རིགས་དང་ཡུ་གུར་མི་རིགས་ཀྱི་ས་གནས་དབྱེ་འབྱེད་ཀྱིས་སྲུང་བྱའི་ལས་དོན་ཡང་ཕྱིར་འཐེན་བྱས་ཡོད་པ་རེད། གནས་ཚུལ་ནང་གསལ་ལྟར་ན་ཉིན་གྲངས་གསུམ་རྗེས་ད་ཆ་རྒྱལ་ས་ཨུ་རུམ་ཆི་ནང་ཚོང་ཁང་གང་འཚམས་སྐྱར་དུ་སྒོ་ཕྱེས་པ་དང་ཁྲོམ་གཞུང་ཐོག་ལས་གླ་རྒྱུག་མཁན་རླང་འཁོར་གྱི་འགྲུལ་སྐྱོད་བྱེད་པ་སོགས་རྒྱུན་ལྡན་གྱི་འཚོ་བ་ཕྲན་བུའི་བསྐྱར་གསོ་ཡོང་གི་ཡོད་པའི་རྟགས་མཚན་ཡོད་ནའང་ས་གནས་ཀྱི་ཡུལ་མི་མང་པོས་དེ་སྔ་ལྟར་རྒྱུན་ལྡན་གྱི་འཚོ་བ་ལམ་སེང་བསྐྱར་གསོ་ཡོང་རྒྱུར་བློ་དོགས་ཡོད་པ་རེད། ལི་ཞེས་ཨུ་རུམ་ཆི་ནང་གཏན་སྡོད་བྱེད་མཁན་རྒྱ་རིགས་བེུད་ཅིག་གིས་གྲོང་ཁྱེར་ནང་དམག་མི་ཁྱོན་ཆེ་འགྲེམས་འཇོག་བྱས་པའི་གནས་སྟངས་འོག་རྒྱུན་ལྡན་ལྟར་འཚོ་བ་བསྐྱར་གསོ་ཡོང་རྒྱུ་ཁག་པོ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ལ་ཡང་ཡུ་གུར་ཁ་ཆེ་མི་རིགས་ཡིན་པ་འཚེམ་བཟོ་བ་ཞིག་གིས་བརྗོད་ན་རྒྱ་ནག་གཞུང་གིས་ཉིན་གསུམ་གྱི་རྗེས་ཁྲོམ་ས་བསྐྱར་དུ་ཕྱེས་ན་འགྲིགས་ཀྱི་ཡོད་ལུགས་གསལ་བསྒྲགས་བྱས་ཀྱང་དེ་རིང་ཉིན་བཞི་པའི་སྐབས་ཡུ་གུར་བས་ཁྲོམ་ས་ད་དུང་མུ་མཐུད་སྒོ་རྒྱབ་ཏུ་བཅུགས་ཏེ་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་པོ་ཡིན་སྐོར་གསལ་འདོན་བྱས་འདུག ས་གནས་རྒྱ་ནག་གཞུང་གིས་ཨུ་རུམ་ཆི་ནང་ཞི་ལྷིང་བསྐྱར་གསོ་ཡོད་སྐོར་གསལ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་ས་ཁུལ་ནང་བདེ་འཇགས་མི་སྣ་ཁྱོན་ཆེ་འགྲེམས་འཇོག་བྱས་པ་གསལ་པོ་ཐོང་རྒྱུ་ཡོད་པ་རེད། རྒྱ་ནག་གཞུང་གིས་ད་རེས་དྲག་ཟིང་གི་དོན་རྐྱེན་དེའི་ནང་མི་གྲངས་༡༥༦འཆི་སྐྱོན་བྱུང་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་ཀྱང་ཕྱི་ཕྱོགས་སུ་གནས་པའི་ཡུ་གུར་འཛམ་གླིང་ཚོགས་ཆེན་ཞེས་པའི་སྒྲིག་འཛུགས་ཀྱི་ཚོགས་གཞོན་ཨ་སི་གར་ཁེན་གྱིས་ཨུ་རུམ་ཆི་ནང་དྲག་ཟིང་གི་དོན་རྐྱེན་དེའི་འོག་ཁྱོན་མི་གྲངས་དྲུག་བརྒྱ་ནས་བརྒྱད་བརྒྱ་བར་འཆི་སྐྱོན་དུ་སོང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎