གསེར་རྟ་ནས་ཕྱིར་ཕུད་བཏང་རྗེས་བསམ་བློའི་སློབ་གསོ་སྤྲོད་ཀྱི་འདུག


2016.11.04
གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་ཟིན་པའི་དགེ་འདུན་པ་དང་བཙུན་མ་ཚོར་རྒྱ་ནག་གཞུང་གིས་སློབ་གསོ་སྤྲོད་བཞིན་ཡོད་པ། ༢༠༡༦།༩ གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་ཟིན་པའི་དགེ་འདུན་པ་དང་བཙུན་མ་ཚོར་རྒྱ་ནག་གཞུང་གིས་སློབ་གསོ་སྤྲོད་བཞིན་ཡོད་པ། ༢༠༡༦།༩
བསོད་ནམས་ཀྱིས་མཁོ་སྤྲོད་གནང་།

གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་ཟིན་པའི་དགེ་འདུན་པ་དང་བཙུན་མ་ཚོར་རྒྱ་ནག་གཞུང་གིས་སློབ་གསོ་སྤྲོད་བཞིན་ཡོད་འདུག
དེ་ཡང་འབྲེལ་ཡོད་བརྒྱུད་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་སྤྱི་ཟླ་༨་པའི་ནང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་བཏང་པའི་བོད་རང་སྐྱོང་ལྗོངས་ཕྱོགས་ཀྱི་དགེ་འདུན་པ་དང་བཙུན་མ་ཁག་ཅིག་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་གི་ས་གནས་ལས་བྱེད་ཚོས་ད་ལྟ་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་སློབ་གསོ་དང་། གུང་ཁྲན་ཏང་གིས་བོད་ཁུལ་ལ་སྤེལ་བའི་སྲིད་ཇུས་ལ་སློབ་སྦྱོང་བྱེད་དུ་བཅུག་ནས་ཟླ་བ་༢་ལྷག་ཙམ་འགྲོ་ཡི་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ས་གནས་དེར་དང་ཐོག་གསེར་རྟ་བླ་རུང་སྒར་ནས་སྡོད་མ་བཅུག་པར་ཕྱིར་ཕུད་བཏང་པའི་གྲྭ་བཙུན་༡༠༠་ལྷག་ཡོད་པ་ནས། ད་ལྟ་ཕལ་ཆེར་བ་ས་གནས་སོ་སོར་ཕྱིར་ལོག་བྱས་འདུག་ཅིང་། ཁག་ཅིག་ལ་ད་དུང་མི་མཐུད་དུ་རྒྱ་ནག་གི་ཁྲིམས་དང་རྒྱ་ནག་གཞུང་གིས་བོད་ནང་ཞིང་འབྲོག་མང་ཚོགས་ལ་བལྟ་སྐྱོང་བྱེད་བཞིན་པ་སོགས་ཀྱི་ཟབ་སྤྱོང་སོགས་སྤྲོད་བཞིན་ཡོད་འདུག
དེ་གཞིན་དུ་ཟླ་༡༠་བའི་ཚེས་༣༠་ཉིན་མགོ་ལོག་ཕྱོགས་ཀྱི་དགེ་བཙུན་༤༠༠་ལྷག་དང་། ཡུལ་ཤུལ་ཕྱོགས་ཀྱི་དགེ་བཙུན་༣༠༠་བཅས་བསྡོམས་པས་ས་ཕྱོགས་འདྲ་མིན་གྱི་དགེ་འདུན་པ་དང་བཙུན་མ་མང་པོ་གསེར་རྟ་སྒར་ནས་བཙན་གྱིས་ཕྱིར་ཕུད་བྱས་ཡོད་ཅིང་། གྲྭ་བཙུན་དེ་དག་བསྐྱར་དུ་ཆོས་སྒར་དུ་འོང་ནས་གཏན་སྡོད་མི་བྱེད་རྒྱུའི་ཁས་ལེན་གྱི་ཡི་གེར་མིང་རྟགས་བརྒྱབ་བཅུག་ཡོད་འདུག
གཞན་ཡང་སྤྱི་ཟླ་༩་པའི་ནང་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་བཏང་པའི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་རི་བོ་ཆེའི་གྲྭ་བཙུན་༣༠༠་ཙམ་དང་། རྫ་སེར་ཤུལ་ཁུལ་ནས་ཡོང་བའི་གྲྭ་བཙུན་རྣམས་རང་གི་ཕ་ཡུལ་དུ་འབྱོར་མ་ཐག་ས་གནས་ཉེན་རྟོག་པས་ཐོ་འགོད་དང་མཉམ་དུ་དུས་ཡུན་གང་མཚམས་རིང་བཀག་ཉར་བྱས་ནས་སློབ་གསོ་རྒྱབ་པའི་གནས་ཚུལ་ཡང་བྱུང་འདུག
རྒྱ་ནག་གི་འཆར་གཞིའི་ཡིག་ཆའི་ནང་། སྤྱི་ལོ་༢༠༡༧་ཟླ་༩་ཚེས་༣༠་ནང་ཚུད་ལ་གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་པའི་མི་གྲངས་དང་ཁང་པ་བཤིག་པའི་གྲངས་ཚད་སྙོམས་དགོས་པའི་ཐོག གསེར་རྟ་བླ་རུང་ཆོས་སྒར་དུ་བསྡོམས་མི་གྲངས་༥༠༠༠་ལ་ཚོད་འཛིན་བྱེད་རྒྱུ་ཡིན་པ་གསལ་ཡོད་པ་དང་། གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གྱི་ཚད་གཞི་ལྔ་སྟོང་ལས་བརྒལ་མི་ཆོག་པ་དང་། དེ་ལས་མང་བ་ཡོད་པ་དེ་དག་འདི་ལོ་ཕྱི་ཟླ་༡༠་ཚེས་༣༠་གོང་ཕྱིར་འབུད་བཏང་ཟིན་པ་བྱས་ཏེ། གོང་རིམ་སྲིད་གཞུང་ལ་ཕྱིར་འབུད་བཏང་པའི་གྲངས་ཐོ་རྩིས་སྤྲོད་བྱེད་དགོས་རྒྱུ་དང་། དགོན་པར་གཏན་སྡོད་མི་གྲངས་༥༠༠༠་ཡི་ཁྲོད་ཞིང་ཆེན་གཞན་གྱི་གྲྭ་བཙུན་༡༠༠༠་ལས་བརྒལ་མི་ཆོག་པ་སོགས་གསལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ཐད་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། དེ་བཞིན་རྒྱལ་སྤྱིའི་མང་ཚོགས་ཀྱི་ཁྲོད་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།  ཞུ་དག་པ་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎