བོད་ནང་ལ་བལྟས་ནས་བཙན་བྱོལ་བོད་མི་ཚོས་བོད་དོན་ཐད་རིག་པ་སྒྲིམ་དགོས་པའི་འབོད་སྐུལ་གནང་སོང་།

འདི་ཟླའི་ཚེས་དྲུག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་བདུན་ལ་ཕེབས་པའི་འཁྲུངས་སྐར་ཉིན། ཁེ་ཎ་ཌའི་ནང་བོད་དོན་ཞི་བའི་གོམས་བགྲོད་གནང་མཁན་སངས་རྒྱས་སྐྱབས་ལགས་ཕྱིར་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་(St. George)་རུ་ཡོད་པའི་རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་མདུན་འབྱོར་ནས་གོམ་བགྲོད་མཇུག་སྒྲིལ་གནང་སྐབས། ས་གནས་བོད་ཀྱི་ཚོགས་པ་དང་སྐྱིད་སྡུག་ཁག་གཅིག་ནས་སྣེ་ལེན་དང་རྒྱབ་སྐྱོར་ཁ་བཏགས་སྒྲོན་ཡོད་པ་མ་ཟད་། ཨོན་ཏྲེ་རི་ཡོ་(Ontario)་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་རྒྱབ་སྐྱོར་དང་ཁ་བཏགས་སྒྲོན་ཡོད་པ་རེད།
སངས་རྒྱས་སྐྱབས་ལགས་ཀྱིས་འདས་བའི་ཉིན་གྲངས་༢༦ལྷག་རིང་། ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ས་གནས་(St.George)་རུ་ཡོད་པའི་རྒྱ་ནག་གཞུང་གི་དོན་གཅོད་ལས་ཁུངས་མདུན་ནས་རྒྱལ་ས་ཨོ་ཏྲ་ཝའི་བར་དང་། དེ་ནས་ཨོ་ཏྲ་ཝར་ཡོད་པའི་རྒྱ་ནག་གཞུང་ཚབ་ནས་ཕྱིར་ཀྲོ་རོན་ཀྲོ་རུ་ཡོད་པའི་རྒྱ་ནག་གཞུང་གི་དོན་གཅོད་ལས་ཁུངས་བར་ཞི་བའི་གོམ་བགྲོད་གནང་ཐེངས་གསུམ་པ་དེ་ཡིན་པ་དང་། ད་ཐེངས་གོམ་བགྲོད་རིང་དབུས་གྲོས་ཚོགས་འཐུས་མི་དང་། གྲོང་སྡེའི་སྤྱི་ཁྱབ་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་བཞིན་ཚང་མས་ཐུགས་སྣང་དང་རྒྱབ་སྐྱོར་གནང་བ་སོགས་ངོ་སྤྲོད་གནང་བ་དང་། ད་དུང་ཁོང་གིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་དྲག་གནོན་དམ་དྲག་བྱེད་བཞིན་པར་མ་བལྟོས་བར་བོད་ནང་གི་བོད་མིའི་སྙིང་སྟོབས་དང་ལྷག་བསམ། དེ་བཞིན་༧གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་གཡོལ་བ་མེདང་པ་དཔེར་བླངས་ནས་བཙན་བྱོལ་ནང་གི་བོད་མི་ཚོས་རིག་པ་བསྒྲིམས་དགོས་པའི་འབོད་སྐུལ་ཞུས་གནང་སོང་།
ད་ཐེངས་གོམ་བགྲོད་ལ་ཨ་རིའི་མེ་ནེ་སོ་ཌར་གནས་བཞུགས་བོད་དོན་ལས་འགུལ་བ་རབ་དགའ་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། གོམ་བགྲོད་ཀྱི་དགོས་འདུན་དོན་ཚན་ལྔ་ཡོད་པ་ནི། ༧གོང་ས་མཆོག་བོད་ནང་ཆིབས་བསྒྱུར་གནང་ཐུབ་ཐབས་དང་། བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་དགོས་བ། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་དམ་དྲག་གི་སྲིད་ཇུས་མཚམས་འཇོག་དགོས་བ། ཁེ་ཎ་ཌའི་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་དེ་དག་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གླེང་སློང་དང་མཉམ་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་འབོད་སྐུལ་གནང་གི་ཡོད་འདུག
མཐའ་དོན་ཨོན་ཏྲེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས། ས་གནས་ཀྱི་ཚོགས་པ་དང་སྐྱིད་སྡུག་ཁག་གི་ཚབ་གནང་ནས་བོད་དོན་ཆེད་ལས་འགུལ་ཆད་མེད་སྤེལ་བར་ཡིད་རང་བསྔགས་བརྗོད་ཞུས་པ་དང་ཆབས་གཅིག ས་གནས་བོད་མི་ཚོས་སངས་རྒྱས་སྐྱབས་ལགས་ཀྱི་ལས་འགུལ་དང་འབྲེལ་བའི་ཐོག་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་མཉམ། བོད་མི་ཚོས་མཉམ་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་བ་དང་། ལྷག་དཀར་སྲུང་བརྩིའི་སྐོར་བྲོ་འཁྲབ་ཡོད་པ་རེད།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།