བོད་མིའི་རྡོག་རྩ་ཆིག་བསྒྲིལ་གྱི་ནུས་པ་མཉམ་སྤུངས་དགོས། ས་སྐྱ་ཁྲི་འཛིན་མཆོག་གིས།
2019.06.25
དཔལ་ས་སྐྱ་ཁྲི་འཛིན་རིན་པོ་མཆོག་གིས་༧གོང་ས་མཆོག་གི་བཀའ་དགོངས་འོག་བོད་མིའི་རྡོག་རྩ་ཆིག་བསྒྲིལ་གྱི་ནུས་པ་མཉམ་སྤུངས་དགོས་པ་བཀའ་གནང་སོང་།
དཔལ་ས་སྐྱ་ཁྲི་འཛིན་རིན་པོ་མཆོག་གིས་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་བྱེད་དགོས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་དང་བོད་མིའི་རྡོག་རྩ་ཆིག་བསྒྲིལ་གྱི་ནུས་པ་མཉམ་སྤུངས་དགོས་པ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བྱེད་དགོས་པ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཕྱི་ཚེས་༢༥་ཉིན་བཅར་འདྲི་ཞུས་པའི་ལེ་ཚན་ཐོག་བཀའ་གནང་ཡོད་པ་རེད།
ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་ནི་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་གདུང་སྲས་བགྲེས་པ་རཏྣ་བཛྲ་རིན་པོ་མཆོག་ཡིན་ཞིང་། ༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དཔལ་ས་སྐྱ་པའི་ཁྲི་འཛིན་ལམ་ལུགས་ལ་འགྱུར་བ་བཏང་གནང་མཛད་རྗེས། ཕྱི་ལོ་༢༠༡༧ ལོར་རཏྣ་བཛྲ་རིན་པོ་ཆེ་མཆོག་སྒྲོལ་མ་ཕོ་བྲང་གི་གདུང་སྲས་བགྲེས་པའི་མཚན་ཐོག་ནས་ས་སྐྱ་ཁྲི་འཛིན་དུ་བསྐོ་བཞག་བྱུང་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ལེ་ཚན་ནང་། ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དེང་དུས་འཕྲུལ་རིག་གི་དུས་རབས་འདིའི་སྐབས་རྣམ་གཡེང་གི་དབང་དུ་སོང་བ་དང་། དེ་བཞིན་ཤེས་བྱའི་རྣམ་བཞག་ཤེས་པའི་ཉེན་ཁ་དང་གོ་སྐབས་གཉིས་ཀ་ཡོད་པ་ཞིག་ཡིན་སྟབས་ངེས་པར་འཕྲུལ་རིག་བྱ་བཞག་རང་ཉིད་ཀྱི་མཐུན་རྐྱེན་དུ་སྦྱར་ཐུབ་པ་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དེང་སྐབས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་དུ་ཞབས་སོར་འཁོད་ཡོད་ཅིང་། འདི་ནས་ཨ་རིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་སྦོསྀ་ཊོན་དང་། མངའ་སྡེ་མི་ནེ་སོ་ཊ། དེ་ནས་སིཡེ་ཊལ་རུ་བསྐོང་ཚོགས་གནང་རྒྱུའི་དཔལ་ས་སྐྱ་པའི་བྱང་ཨ་རིའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆེད་ཕེབས་གནང་རྒྱུ་རེད་འདུག
བཅར་འདྲི་ཡོངས་གཤམ་ནས་གཟིགས་ཐུབ།