རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཡུན་རིང་ཤོས་གནང་མཁན་ཞིག་འདས་གྲོངས་སུ་ཕྱིན་པར་བོད་མི་ཚོས་བློ་ཕམ་དང་བཅས་མྱ་ངན་དང་བསྔོ་སྨོན་གནང་འདུག

2021.11.01
རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཡུན་རིང་ཤོས་གནང་མཁན་ཞིག་འདས་གྲོངས་སུ་ཕྱིན་པར་བོད་མི་ཚོས་བློ་ཕམ་དང་བཅས་མྱ་ངན་དང་བསྔོ་སྨོན་གནང་འདུག བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(Fredrick R Hyde-Chambers)་ལགས་དང་༧གོང་ས་མཆོག་ལོ་མང་པོའི་གོང་མཇལ་འཕྲད་སྐབས།
དྲ་བཤུས།/DT

དབྱིན་ཡུལ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་པ་སྐུ་ཞབས་(Fredrick Hyde-Chambers OBE)་འམ་ཡོངས་གྲགས་སུ་(Riki)་ཞེས་འབོད་པ་ཁོང་སྤྱི་ཟླ་༡༠་ཚེས་༣༡་ཉིན་དགུང་ལོ་༧༧་ཐོག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། གནས་ཚུལ་དེ་ཐོས་མ་ཐག་ལོན་ཌོན་(London)་དུ་ཡོད་པའི་ས་གནས་བོད་ཡིག་སློབ་གྲྭའི་དགེ་སློབ་ཡོངས་དང་། ཕ་མ་བཅས་གཙོས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁོང་ལ་མྱ་ངན་དང་བཅས་མ་ནི་གསུང་འདོན་གནང་འདུག
དེ་བཞིན་དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་ནས་ཀྱང་ཛ་དྲག་གི་ཚོགས་འདུ་འཚོགས་ནས། ས་གནས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་གསལ་བསྒྲགས་སྤེལ་ནས། བོད་དོན་རྒྱབ་སྐྱོར་བ་(RIKI)་ལགས་གློ་བུར་དུ་འདས་གྲོངས་སུ་ཕྱིན་པར་བློ་ཕམ་དང་བཅས། སྐུ་ཞབས་ཁོང་ནི་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞིང་། ཁོང་གི་མི་ཚེ་གང་པོ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཕུལ་ཡོད་པས། བོད་རིགས་སྤྱི་མཐུན་ཚོགས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁོང་གི་ནང་མི་ཚོར་ལྷག་བསམ་ཟོལ་མེད་ཀྱིས་གདུང་སེམས་མཉམ་སྐྱེས་དང་བཅས་སེམས་གསོ་ཞུས་ཡོད་འདུག དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སྤྱི་ཚེས་༣༡་ཉིན་གྱི་ས་གནས་སུ་མྱ་ངན་རྗེས་དྲན་དང་བཅས། ས་གནས་སུ་ཡོད་པའི་སླེ་ལུང་ཆོས་འཁོར་གླིང་གི་སླེ་ལུང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དྲ་ལམ་ནས་བསྔོ་བ་སྨོན་ལམ་གནང་ཡོད་འདུག
སྐབས་དེར་(Riki)་ལགས་ཀྱི་གྲོགས་པོ་བོད་དོན་རྒྱབ་སྐྱོར་ཚོགས་པ་(Tibet Society)་ཡི་འགན་འཛིན་ཟུར་པ་སྐུ་ཞབས་(Rt. Hon Norman Baker)་ཡིས་(Riki)་ལགས་ཀྱིས་(Tibet Society)་དང་ལྷན་དེ་སྔ་སྤྱི་ལོ་༡༩༧༣་ལོར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབྱིན་ཡུལ་དུ་ཐེངས་དང་པོའི་ཆིབས་བསྒྱུར་གོ་སྒྲིག་ཞུས་པ་མཚོན་ད་བར་བོད་དོན་ཐད་ཞབས་འདེགས་རླབས་ཆེན་ཞུས་གནང་བ་སོགས་ངོ་སྤྲོད་གནང་འདུག
དེ་བཞིན་ཡང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་ཀྱིས་ཀྱང་། སྐུ་ཞབས་(Riki)་ལགས་ཀྱིས་ད་བར་བོད་དོན་རྒྱབ་སྐྱོར་གྱི་ཕྱག་ལས་གང་མང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་མྱ་ངན་གྱི་སེམས་གསོ་ཞུ་རྒྱུ་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་ས་གནས་བོད་མི་ཚོའི་སྣེ་ཁྲིད་ནས་མུ་མཐུད་བོད་དོན་རྒྱབ་སྐྱོར་བ་(Riki)་ལགས་ལ་མྱ་ངན་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་སོགས་གོ་སྒྲིག་གནང་འཆར་ཡོད་པ་གསུང་འདུག

གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎