བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཪི་ཆརཌ་སྦལཱམ་ལགས་འདས་གྲོངས་སུ་ཕྱིན་འདུག

2022.02.28
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཪི་ཆརཌ་སྦལཱམ་ལགས་འདས་གྲོངས་སུ་ཕྱིན་འདུག བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་ཚོང་པ་གྲགས་ཅན་སྐུ་ཞབས་ཪི་ཆརཌ་སྦལཱམ་(Richard Blum)་ལགས།
@ཨ་རི་ཧི་མ་ལ་ཡ་ཐེབས་རྩ།

སྐུ་ཞབས་རི་ཆརཌ་སྦལཱམ་(Richard Blum)་ལགས་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་ནི་བོད་དོན་རྒྱབ་སྐྱོར་བ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་རེད།
ཁོང་བར་སྐབས་བཅོས་ཐབས་མེད་པའི་སྐྲན་ནད་ཀྱིས་མནར་ཞིང་། ཁོང་དང་ཁོང་གི་ནང་མིས་ རི་ཆརཌ་སྦལཱམ་(Richard Blum)་འདས་གྲོངས་སུ་མ་སོང་བའི་སྔོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཞིག་འབྱུང་རྒྱུའི་རེ་འདུན་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་༢ ཚེས་༢༠ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་ཐོག་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དྲ་ཐོག་གི་མཇལ་ཁ་གྲུབ་རྗེས་སྐུ་ཞབས་སྦལཱམ་ཧ་ཅང་སེམས་ལྷོད་པོ་དང་ཡིད་བློ་ཚིམས་པོར་གྱུར་ཡོད་འདུག
སྐུ་ཞབས་རི་ཆརཌ་སྦལཱམ་(Richard Blum)་ནི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌཡེན་ཧྥརནསི་ཊཡིན་(Dianne Feinstein)་གྱི་སྐུ་ཟླ་ཡིན་ཞིང་། ཁོང་ནི་བོད་དང་ཧི་མ་ལའི་རི་བརྒྱུད་ཀྱི་རིག་གཞུང་སྲུང་སྐྱོབ་ཐད་དམིགས་བསལ་ཐུགས་འཁུར་བཞེས་མཁན་ཞིག་ཡིན་པ་རེད།
ཁོང་ཕྱི་ལོ་ ༡༩༦༨ ལོར་བལ་ཡུལ་དུ་རི་འཛེགས་བྱེད་པར་བསྐྱོད་སྐབས་ཧི་མ་ལའི་རི་རྒྱུད་དང་། ལྷག་པར་དུ་བོད་ཀྱི་རིག་གཞུང་ཐད་དོ་སྣང་ཐོག་མར་བྱུང་བ་ཞིག་ཡིན་འདུག་ཅིང་། ལོ་བཞིའི་རྗེས་ཏེ་ཕྱི་ལོ་ ༡༩༧༢ ལོར་ཁོང་རྡ་སར་ཆེད་བཅར་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐོག་མར་མཇལ་འཕྲད་ཐེངས་དང་པོ་བྱུང་ཡོད་བ་དང་། ཕྱི་ལོ་ ༡༩༧༩ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་ཨ་རིར་ཆིབས་བསྒྱུར་གནང་སྐབས། ཁོང་དང་ཁོང་གི་སྐུ་ཟླ་གཉིས་ཀྱིས་ཕྱག་རོགས་ཆེན་པོ་ཞུས་ཡོད་འདུག་ལ། དེ་ནས་བཟུང་ཁོང་རྣམ་པ་གཉིས་ཀ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལན་མང་མཇལ་མྱོང་ཡོད་པ་རེད། ཕྱི་ལོ་ ༡༩༨༡ ལོར་ཁོང་གིས་ཨ་རིའི་གྲོང་ཁྱེར་སན་ཧྥརན་སིསི་ཀོའི་(San Francisco)་ནང་། ཨ་རིའི་ཧི་མ་ལ་ཡའི་ཐེབས་རྩ་(American Himalayan Foundation)་ཞེས་པ་གསར་འཛུགས་གནང་འདུག
ལྷག་པར་དུ་ཁོང་གི་ཚོང་ལས་དང་དེ་བཞིན་ཁོང་གི་སྐུ་ཟླ་ཕྱི་ལོ་ ༡༩༧༨ ནས་ ༡༩༨༨ བར་ཨ་རིའི་གྲོང་ཁྱེར་སན་ཧྥརན་སིསི་ཀོ་(San Francisco)་གྲོང་ཁྱེར་སྤྱི་ཁྱབ་པ་གནང་པའི་སྐབས། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་སྤྱི་ཁྱབ་པ་དང་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ཅང་ཙེ་མིན་དང་འབྲེལ་ལམ་ཉེ་པོ་ཡོད་མཁན་ཞིག་ཡིན་པ་རེད།
སྐུ་ཞབས་འདས་པོ་རི་ཆརཌ་སྦལཱམ་གྱི་ཕྱག་དེབ་ཞིག་གི་ནང་། ཕྱི་ལོ་ ༡༩༨༩ ལོར་པེ་ཅིང་གནམ་སྡེ་སྒོ་མོ་ཆེར་སློབ་ཕྲུག་གིས་སྣེ་ཁྲིད་པའི་མང་གཙོའི་ལས་འགུལ་ཐོག་དྲག་གནོན་བྱས་རྗེས། ཅང་ཙེ་མིན་རྒྱ་ནག་དམར་ཤོག་པའི་དྲུང་ཆེར་བསྐོ་བཞག་བྱུང་བ་དང་། དོན་རྐྱེན་དེ་བྱུང་ནས་ཟླ་བ་འགའ་ཤས་ཀྱི་ནང་སྐུ་ཞབས་སྦལཱམ་དང་ལྕམ་ཌཡེན་ཧྥཡིནསི་ཊཡིན་རྣམ་གཉིས་ཅང་ཙེ་མིན་དང་ཐུག་འཕྲད་ཞིག་བྱུང་སྐབས། སྐུ་ཞབས་སྦལཱམ་གྱིས་ངར་ཤུགས་ཆེན་པོས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་མ་ཚོར་མི་སྤྱོད་ལས་འདས་བའི་སྡུག་རྩུབ་ཆེན་པོ་གཏོང་བཞིན་པ་ཐེར་འདོན་གྱིས་སྐྱོན་བརྗོད་གནང་ཡོད་པའི་སྐོར་བཀོད་འདུག
ཁོང་དང་ཁོང་སྐུ་ཟླ་གཉིས་ཀ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་དམིགས་བསལ་གྲོགས་འདྲིས་ཆེན་པོ་ཡོད་ལ། ཁོང་རྣམ་གཉིས་ཀྱིས། ཅང་ཙེ་མིན་རྒྱ་ནག་གི་སྲིད་འཛིན་ཡིན་པའི་སྐབས་རྒྱ་ནག་གཞུང་ཕྱོགས་ནས་བོད་དོན་དཀའ་རྙོག་སེལ་ཐབས་སླད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་ཞུ་དགོས་པའི་སྐུལ་མ་ཡང་ཡང་གནང་ཡོད་པ་རེད།
སྐུ་ཞབས་རི་ཆརཌ་སྦལཱམ་དགུང་གྲངས་ ༨༦ ཐོག་འདས་གྲོངས་སུ་ཕེབས་ཤིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་ཤུལ་སྐུ་ཟླ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌཡེན་ཧྥརནསི་ཊཡིན་(Dianne Feinstein)་གྱི་མཚན་ཐོག་ཐུགས་སྨོན་དང་ཐུགས་གསོའི་འཚམས་འཕྲིན་བསྩལ་གནང་མཛད་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎