ཨ་རིའི་རྒྱལ་སར་ཕྱི་འབྲེལ་སྲིད་ཇུས་དང་འཐབ་བྱུས་ཁྲོད་ཀྱི་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་སོང་།

2024.12.10
ཨ་རིའི་རྒྱལ་སར་ཕྱི་འབྲེལ་སྲིད་ཇུས་དང་འཐབ་བྱུས་ཁྲོད་ཀྱི་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་སོང་། ཨ་རིའི་རྒྱལ་སར་ཕྱི་འབྲེལ་སྲིད་ཇུས་དང་འཐབ་བྱུས་ཁྲོད་ཀྱི་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་སྐབས། ༡༢།༡༠།༢༠༢༤
པ་སངས་དོན་ལྡན། /RFA

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi) ་དང་། ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་(Richard Gere)་ལགས་དབུ་བཞུགས་ཐོག་ཕྱི་ཟླ ༡༢པའི་ཚེས་༡༠ཉིན་གྱི་ཞོགས་པར། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་དང་འཐབ་བྱུས་ཁྲོད་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་སོང་།
སྐབས་དེར་ལྕམ་ནན་སི་པེ་ལོ་སི་ཡིས་བོད་དོན་ལ་ཐོག་མ་ཐུགས་སྣང་སླེབས་སྟངས་དེ་ཡང་ཕལ་ཆེར་༡༩༨༨ལོ་ཙམ་ཨ་རིའི་གྲོས་ཚོགས་འཐུས་མི་ཊོམ་ལེན་ཊོསི་ (Tom Lantos)་དམ་པ་ཁོང་གིས་ལྕམ་ནན་སི་པེ་ལོ་སི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚམས་སྦྱོར་ཞུས་ཡོད་པ་དང་། སྐབས་དེ་དུས་༧གོང་ས་མཆོག་མཇལ་དུས་ཧ་ཅང་གི་ཞི་ཞིང་དུལ་བ་དང་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་ལ་རང་སྐྱོང་རྩོད་ཀྱི་ཡོད་པའི་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་ལྷུག་པོ་བྱུང་ལུགས་དང་། རྒྱ་ནག་གིས་༧གོང་ས་མཆོག་ལ་ཁ་བྲལ་བ་ཞེས་བརྗོད་པ་དེ་བདེན་པ་རེད་མི་འདུག་ཅེས་ཁོང་མོས་ཕྱིར་དྲན་གྱིས་བརྗོད་སོང་།

Future of Tibet in US Foreign Policy and Strategy (2).jpg
ཨ་རིའི་རྒྱལ་སར་ཕྱི་འབྲེལ་སྲིད་ཇུས་དང་འཐབ་བྱུས་ཁྲོད་ཀྱི་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་སྐབས། ༢༠༢༤།༡༢།༡༠ Passang Dhonden /RFA


དུས་དེ་ནས་བཟུང་ལྕམ་ནན་སི་པེ་ལོ་སི་ཡིས་བོད་དོན་ལ་ཐུགས་འཁུར་དང་། དེ་ཡང་ཁོང་མོས་༢༠༠༩ལོར་གནང་བའི་གསུང་བཤད་ཞིག་གི་ནང་། བོད་ནང་གི་གནས་སྟངས་དེས་འཛམ་གླིང་གི་དྲན་ཤེས་ལ་གདོང་ལེན་བྱེད་ཀྱི་ཡོད་པ་དང་། གལ་སྲིད། རང་དབང་ལ་དགའ་བའི་མི་དམངས་ཀྱིས་རྒྱ་ནག་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་སྐད་ཤུགས་མ་རྒྱབ་ན་ང་ཚོས་དེའི་སྐོར་འཛམ་གླིང་གི་ས་གནས་གཞན་གང་དུ་ཡང་གླེང་རྒྱུའི་བཟང་སྤྱོད་ཀྱི་དབང་ཆ་དེ་ཡོད་བ་མ་རེད་ཅེས་བསྐྱར་བརྗོད་གནང་བ་དང་། སྲིད་དབང་སྒེར་གཅོད་པའི་ལམ་ལུགས་ལ་ནམ་ཡང་མགོ་སྒུར་བྱེད་རྒྱུ་མེད་པ་ནན་བརྗོད་གནང་སོང་།
བོད་དང་ཨ་རིའི་གཞུང་གཉིས་བར་གྱི་འབྲེལ་བ་དེ་ཡང་དེ་སྔ་༧གོང་ས་མཆོག་སྐུ་ན་ཕྲ་བའི་སྐབས་སུ། ཨ་རིའི་སྲིད་འཛིན་(Roosevelt) རུ་སེ་ཝེལཊི་ཡིས་༧གོང་ས་མཆོག་ལ་ཕྱག་ཚོད་གཅིག་ཕྱག་རྟགས་གནང་བ་དེ་ལོ་རྒྱུས་རང་བཞིན་གྱི་གལ་ཆེན་ཞིག་དང་། ༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་སྐབས་སུ་སྲིད་འཛིན་ཇོ་ཇི་བྷོ་ཤེ་མཆོག་ཕེབས་ནས་ཆབ་སྲིད་ཚོགས་པ་གཉིས་དབྱེ་མེད་ཀྱིས་གཅིག་སྒྲིལ་ཐོག་ནས་དགའ་བསུ་ཞུས་ལུགས་བཅས་གལ་གནད་ཆེ་བའི་འདས་དོན་ཁག་ཅིག་གླེང་གནང་སོང་།


ཡང་ཨ་རིའི་གཞུང་འབྲེལ་གྱིས་རྒྱ་ནག་ལ་ནུས་པ་ཐོན་པ་ཡོང་ཐབས་ཀྱིས་སྐོར་བཀའ་འདྲི་ཞུས་སྐབས་སུ། ལྕམ་ནན་སི་པེ་ལོ་སི་མཆོག་གིས། ཨ་རིའི་སྲིད་འཛིན་བྷིལ་ཀལིན་ཊན་ (Bill Clinton)་སྐབས་སུ་ཨ་རིའི་རྒྱ་ནག་ལ་ཚོང་འབྲེལ་གྱི་དམིགས་བསལ་ཐོབ་ཐང་སྤྲད་པའི་སྐབས་དེ་དུས་ཁོང་མོས་དགག་བྱ་བྱས་ཡོད་ཚུལ་དང་། རྒྱ་ནག་ནང་ཕྱོགས་གང་ནས་དཔལ་འབྱོར་དེ་གལ་ཆེ་ཤོས་བརྩིས་ནས་དཔལ་འབྱོར་ཡར་ཐོན་བྱུང་བ་དེས་གཉའ་གནོན་བྱ་ཡུལ་ཞིག་ཏུ་གྱུར་ཡོད། དེར་བརྟེན་རྒྱ་ནག་གིས་ཨ་རིའི་རིག་རྫས་བདག་དབང་བརྐུ་འཁྱེར་དང་། ཨ་རིའི་ནང་རིན་གོང་ཁེ་པོས་ཅ་དངོས་ཕྱིར་བཙོང་བྱས་ནས་ཨ་རིའི་བདེ་འཇགས་དང་རྩ་དོན་ལ་གནོད་གཞི་ཞིག་ཡིན་པ་མི་དམངས་ཀྱིས་མཁྱེན་རྟོགས་དགོས་རྒྱུ་གལ་ཆེ་སྐོར་གསུངས་བྱུང་།
བགྲོ་གླེང་ཚོགས་འདུའི་རྗེས་འདི་གའི་གསར་འགོད་པས་ཨ་རིའི་རྒྱ་ནག་ལ་ཚོང་འབྲེལ་གྱི་དམིགས་བསལ་ཐོབ་ཐང་སྤྲོད་བཞིན་པ་དེ་ཕྱིར་འཐེན་བྱེད་སྲིད་མིན་གྱི་སྐོར་དྲིས་དུས། ལྕམ་ནན་སི་པེ་ལོ་སི་མཆོག་གིས། རྒྱ་ནག་ལ་ཨ་རིས་ཚོང་འབྲེལ་གྱི་དམིགས་བསལ་ཐོབ་ཐང་གནས་བབ་སྤྲོད་བཞིན་པ་དེར་གྲོས་ཚོགས་གོང་འོག་གཉིས་ཀྱིས་གྲོས་འཆར་བཏོན་ནས་ཕྱིར་བསྡུ་བྱེད་སྲིད་པ་རེད། ཡིན་ཡང་མཐའ་མའི་ཁྲིམས་འཆར་ལ་མཚན་རྟགས་འགོད་མཁན་ཨ་རིའི་སྲིད་འཛིན་གྱིས་གནང་དགོས་ཀྱི་ཡོད་པ་གསུངས་བྱུང་།

Future of Tibet in US Foreign Policy and Strategy (1).jpg
ཨ་རིའི་རྒྱལ་སར་ཕྱི་འབྲེལ་སྲིད་ཇུས་དང་འཐབ་བྱུས་ཁྲོད་ཀྱི་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་སྐབས། ༢༠༢༤།༡༢།༡༠ Passang Dhonden /RFA


གཞན་ཡང་ད་ཐེངས་ཀྱི་བགྲོ་གླེང་སྐབས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨཛི་རཱ་ཛེ་ཡ་(Uzra Zeya)མཆོག་ཆེད་ཕེབས་གནང་འདུག་ལ། ཁོང་མོས་གཏམ་བཤད་ནང་། ཁོང་གིས་འདས་པའི་ལོ་གསུམ་ལྷག་ཙམ་གྱི་རིང་ཕྱི་ནང་གི་རྒྱབ་སྐྱོར་ལ་བརྟེན་ནས་བོད་དོན་ཐོག་འབུར་དུ་ཐོན་པའི་ད་ལྟའི་ཨ་རིའི་གཞུང་གིས་ཕྱག་ལས་གང་ལེགས་གནང་ཡོད་ཀྱང་། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་མཐའ་ན་བོད་ཀྱི་མིང་ཡང་ཤི་ཙང་(Xizang)་ཞེས་བསྒྱུར་ཐབས་བྱས་བ། བོད་ཕྲུག་ན་གཞོན་ཚོ་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཀྱིས་བཅུག་པ་སོགས་སྡུག་རྩུབ་ཅན་གྱི་སྲིད་ཇུས་དེ་མུ་མཐུད་དུ་ལག་བསྟར་བྱེད་བཞིན་ཡོད་སྟབས། ད་དུང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་གསོ་དང་བོད་རྒྱའི་རྩོད་རྙོག་མ་སེལ་གྱི་བར་དུ་ཕྱག་ལས་གནང་བ་ལས་ད་དུང་གནང་རྒྱུ་མང་བ་ལྷག་ཡོད་པའི་སྐོར་གསུངས་སོང་།
སྤྱི་ལོ་༢༠༢༥ལོའི་ཕྱི་ཟླ་དང་པོའི་ཚེས་༢༠ཉིན་ཨ་རིའི་བདམས་ཐོན་སྲིད་འཛིན་སྲིད་འཛིན་ཌོལནལཌི་ཊྲམཔ་(Donald Trump)་ཡིས་སྲིད་འཛིན་ལས་འཁུར་ཞུ་བའི་དམ་འབུལ་མཛད་སྒོ་གནང་རྒྱུ་ཡིན་ཞིང་། དེ་ནས་ཨ་རིའི་གཞུང་གི་དཔོན་རིགས་དང་ལས་བྱེད་མང་དག་ཞིག་འཕོ་འགྱུར་འགྲོ་རྒྱུ་ཡིན་སྟབས། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཡང་འཕོ་འགྱུར་འགྲོ་རྒྱུ་དང་དེའི་རྗེས་དམིགས་བསལ་སྐུ་ཚབ་ཀྱི་གོ་གནས་ཐོག་སུ་ཞིག་ཕེབས་མིན་ད་ལྟའི་ཆར་གསལ་པོ་མེད་པ་རེད། ཡིན་ན་ཡང་ལྕམ་ནན་སི་པེ་ལོ་སི་མཆོག་གིས་ཨ་རིའི་གཞུང་འཛིན་གསར་པའི་ནང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱེད་རྒྱུ་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཤུགས་རྒྱག་རྒྱུ་རེད་ཅེས་གསུངས་བྱུང་།

Future of Tibet in US Foreign Policy and Strategy (4).jpg
ཨ་རིའི་རྒྱལ་སར་ཕྱི་འབྲེལ་སྲིད་ཇུས་དང་འཐབ་བྱུས་ཁྲོད་ཀྱི་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་སྐབས། ༢༠༢༤།༡༢།༡༠ Passang Dhonden /RFA


བགྲོ་གླེང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ལྕམ་ནན་སི་པེ་ལོ་སི་མཆོག་དང་། བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་(Richard Gere)་ལགས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨཛི་རཱ་ཛེ་ཡ་(Uzra Zeya)་ཁོང་རྣམ་པས་བོད་དོན་ཆེད་ཕྱག་ལས་གནང་བ་ལ་བསྔགས་བརྗོད་དང་བོད་མིའི་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ཁོང་རྣམ་པའི་མཚན་སྙན་བསུབ་ཐབས་མེད་པར་འཁོད་ངེས་རེད་བརྗོད་སོང་།
བོད་དོན་བགྲོ་གླེང་འདིའི་ཐོག་བྱང་ཨ་རིའི་བོད་རིགས་སྤྱི་འཐུན་ཚོགས་པ་ཁག་གི་འབྲེལ་ཡོད་གང་མང་ཞིག་ཕེབས་ཡོད་པ་ཡང་མཉམ་ཞུགས་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱལ་མཚོ་ལགས་ཀྱིས། ཨ་རིའི་གཞུང་འཛིན་གསར་པ་སླེབས་རྗེས་སུ་ཨ་རིའི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ཇི་དགེ་ལྕམ་ནན་སི་པེ་ལོ་སི་མཆོག་ལ་མུ་མཐུད་ལམ་སྟོན་ཞུ་རྒྱུ་ཡིན་སྐོར་གསུངས་བ་དང་། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐོག་མ་༡༩༧༩ལོར་ཨ་རིའི་ནང་ཆིབས་བསྒྱུར་གནང་བ་ནས་བཟུང་། ཨ་རིའི་མི་མང་དང་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་བོད་དོན་རྒྱབ་སྐྱོར་དེ་ཡུན་གནས་དང་སྲ་བརྟན་ཐོག་ནས་གནས་ཡོད་ཅིང་། གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་རིམ་པ་ཁག་བཏོན་ཡོད་པ་རེད། ལོ་ངོ་བཅུ་ཕྲག་གཅིག་ཙམ་རིང་རྒྱ་ནག་གི་དཔོན་རིགས་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཡང་ན་ཁོང་གི་སྐུ་ཚབ་བར་ཐད་དཀར་གྲོས་མོལ་མ་བྱུང་བར་ལྷག་ཡོད་ལ། རྒྱ་ནག་གིས་བོད་ནང་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེས་བོད་མིའི་ངོ་བོ་གནས་ཐུབ་མ་ཐུབ་ཀྱི་ཉེན་ཁ་ཞིག་འཕྲད་བཞིན་ཡོད་པ་སོགས་གསུངས་སོང་།


གསར་འགོད་པ། རྡོ་རྗེ་དགྲ་འདུལ།  
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎