བོད་ནས་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་རེ་འདུན།
2010.07.30
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་འོས་མི་དེ་བོད་བསྟན་པ་ཆབ་སྲིད་དང་མ་འོངས་བོད་རིགས་ཀྱི་མདུན་ལམ་ལ་བཅའ་ཁྲིམས་གཞི་བཟུང་ཕྱག་ལས་གནང་ཐུབ་མཁན་ཞིག་དགོས་པའི་སྐོར་བོད་ནས་བོད་མི་ཞིག་གིས་རེ་བ་བཏོན་པའི་གནས་ཚུལ་བྱུང་འདུག་། དེ་ཡང་བོད་ཀྱི་ཁམས་ཀྱི་ས་ཁུལ་ཞིག་ནས་བོད་མི་ཞིག་གིས་ཕྱི་ཟླ་བདུན་པའི་ཚེས་༢༩འདི་ག་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་དཔར་གྱི་ལེ་ཚན་ནང་འབྲེལ་བ་གནང་དུས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་པ་ཆེད་དུ་ཕྱི་རྒྱལ་ནས་བཏང་བའི་བོད་སྐད་རླུང་འཕྲིན་ཁག་གལ་གནད་ཆེན་པོ་ཡིན་པ་དང་ ལྷག་དོན་དུ་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པའི་འོས་མིར་ཁྱད་ཆོས་གང་དང་གང་དགོས་པའི་སྐོར་རེ་འདུན་བཏོན་གནང་འདུག་།
དེ་ཡང་ཁོང་གིས་གསུངས་དོན་ལ་བོད་ནས་ཞལ་དཔར་བཏང་མཁན་དེ་ཉིད་ཀྱི་རེ་བ་ལ་བཀའ་བློན་ཁྲི་པ་དེ་ཕོ་མོ་དང་ སྐྱ་སེར་དབྱེ་བ་མེད་པ་ ཤེས་བྱ་ཡོན་ཏན་ཚད་དང་ལྡན་པ་ བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་གཟིགས་ཐུབ་མཁན་དང་ མ་འོངས་པར་བོད་མི་རིགས་གཞི་ལུས་མཉམ་འཛོམས་ཀྱི་སྐབས་ བོད་འདི་འཛམ་གླིང་ནང་ རྒྱ་ཐམ་པའི་གྲལ་འགོ་མ་སླེབས་ན་ཡང་སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པ་ཞིག་དགོས་པའི་རེ་འདུན་བཏོན་གནང་འདུག་། ཁོང་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཐུགས་སྣང་དང་སེམས་ཁུར་གནང་ནས་གོང་ཞུས་ཁྱད་ཆོས་དང་ལྡན་པའི་བཀའ་བློན་ཁྲི་པ་ཞིག་འདེམས་ནས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་མང་གཙོའི་ལམ་སྲོལ་དེ་དར་སྤེལ་གཏོང་དགོས་པའི་རེ་འདུན་བཏོན་འདུག་།