འབྲུས་ལྗོངས་སུ་སླར་ཡང་ཕུང་པོ་ལྔ་བརྙེད་སོན་བྱུང་ཡོད་པ།
2011.09.20
༄༅༎གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ཆར་འབྲས་ལྗོངས་དང་དེ་མིན་གྱི་ས་ཁུལ་ཁག་ཏུ་ས་ཡོམ་གྱི་གོད་ཆགས་ཕོག་པའི་འོག་ཁྱོན་བསྡོམས་ད་བར་མི་གྲངས་ ༨༢་ རྐྱེན་འདས་སུ་ཕྱིན་ཡོད་འདུག་པ་དང་། འདས་གྲོངས་སུ་གྱུར་པ་དེའི་ཁོངས་ནས་་མི་གྲངས་ ༥༠་ ཙམ་འབྲས་ལྗོངས་ཁུལ་ནས་ཡིན་པ་རྒྱ་གར་གཞུང་གིས་གསལ་བསྒྲགས་གནང་འདུག
ད་ལྟའི་སྐབས་ས་ཡོམ་གྱི་རྐྱེན་ངན་བྱུང་བའི་ས་ཁུལ་ཁག་ཏུ། རྒྱ་གར་གྱི་དམག་མིས་ཐད་འཕུར་གནམ་གྲུའི་ཐོག་ནས་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་ཐབས་བྱེད་བཞིན་ཡོད་འདུག་ཀྱང༌། འབྲས་ལྗོངས་ཀྱི་ས་ཁུལ་མང་པོའི་ནང་ཆར་པ་ཤུགས་ཆེ་བབས་པ་དང་། སྨུག་པས་རྐྱེན་པས་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་འདུག་ཅིང༌། འབྲས་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་དུ་དམག་མིས་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པའི་སྐབས། གཟའ་མིག་དམར་ཉིན་སླར་ཡང་ཕུང་པོ་ལྔ་བརྙེད་སོན་བྱུང་འདུག། ཚོད་དཔག་བྱེད་པར་གཞིགས་ན་ས་ཡོམ་མགུལ་ཚད་ ༦.༩ བརྒྱབ་ཡུལ་གཙོ་བོ་འབྲས་ལྗོངས་ཁུལ་གྱི་སྡོད་ཁང་བརྒྱ་ཕྲག་འགའ་ཤས་མེད་པར་གྱུར་ཡོད་ན་ཡང་། མོ་ཊའི་ལམ་ཁ་ཡག་པོ་མེད་པ་དང་། གནམ་གཤིས་ངན་པ་བསྟན་པའི་རྐྱེན་གྱིས་རྒྱ་གར་དབུས་གཞུང་གི་ངལ་སྐྱོབ་རུ་ཁག་དུས་ཐོག་ཏུ་དགོས་ངེས་ཀྱི་ས་ཁུལ་དེ་དག་ཏུ་འབྱོར་ཐུབ་ཀྱི་མེད་པ་ཡིན་འདུག།
འབྲས་ལྗོངས་ཀྱི་ས་ཁུལ་འདི་ནི། ནང་པའི་གནས་ས་རྩ་ཆེན་མང་པོ་ཡོད་པའི་མཛེས་སྡུག་ལྡན་པའི་ས་ཁུལ་ཞིག་ཡིན་ཞིང་། བོད་དང་ས་མཚམས་འཁེལ་བའི་ས་གནས་འདི་ཕྱི་ལོ་ ༡༩༧༥ བར་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་རྗེས་རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་གྱུར་ཡོད་པ་རེད།།