ལོ་རྒྱུས་ཀྱི་ཟིན་ཐོར་ཡོད་པའི་རི་འཛེགས་པ་ཁག་ཅིག་བོད་ནང་འཛོམས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་བཅུ་བཞིར་འཛེགས་ཐབས་བྱེད་བཞིན་འདུག

2024.10.09
ལོ་རྒྱུས་ཀྱི་ཟིན་ཐོར་ཡོད་པའི་རི་འཛེགས་པ་ཁག་ཅིག་བོད་ནང་འཛོམས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་བཅུ་བཞིར་འཛེགས་ཐབས་བྱེད་བཞིན་འདུག རི་འཛེགས་རུ་ཁག་ཞིག་གིས་རི་འཛེགས་གནང་བཞིན་པ།
AFP/File

འཛམ་གླིང་གི་ལོ་རྒྱུས་ཀྱི་ཟིན་ཐོར་ཡོད་པའི་རི་འཛེགས་པ་ཁག་ཅིག་བོད་ཕྱོགས་སུ་མཉམ་དུ་འཛོམས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་༡༤་ལ་རི་འཛེགས་ཀྱི་གྲུབ་འབྲས་ལེགས་འགྲུབ་ཡོང་ཐབས་གནང་གི་ཡོད་པ་དང་། ད་རེས་ཟླ་འདིའི་ནང་གི་ལོ་རྒྱུས་ཟིན་ཐོ་འགོད་པའི་རི་འཛེགས་བྱ་རྒྱུའི་ཐོ་གཞུང་ནང་མི་གྲངས་༢༠་ཙམ་མཉམ་ཞུགས་བྱས་ཡོད་པ་རེད། དེའི་ཁྲོད་ཁག་ཅིག་ལ་གློག་བརྙན་བཟོ་བསྐྲུན་མཁན་སོགས་ཀྱིས་ཧ་ཅང་དོ་སྣང་གིས་དངོས་བྱུང་གློག་བརྙན་བཟོ་བསྐྲུན་བྱེད་བཞིན་པ་དེས་ཁོང་ཚོའི་ལོ་རྒྱུས་ཁྱབ་བརྡལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་འཕྲུལ་རིག་ཡར་རྒྱས་ཕྱིན་པ་དེས་རི་འཛེགས་ལེགས་གྲུབ་ཡོང་རྒྱུར་ཧ་ཅང་སྟབས་བདེ་རུ་གཏོང་བཞིན་ཡོད་འདུག
ད་རེས་རི་འཛེགས་ནང་མཉམ་ཞུགས་གནང་མཁན་(Pakistan)་ནས་ཡིན་པ་ལོ་༢༢ ཡིན་པའི་རི་འཛེགས་པ་(Shehroze Kashif)་གྱིས་(AFP)་གསར་ཁང་ལ་ང་ཚོ་རི་འཛེགས་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ང་ཚོ་ནི་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་པའི་རི་འཛེགས་པའི་སྐུ་ཚབ་མཚོན་གྱི་ཡོད་ཅེས་གསུངས་འདུག
སྤྱིར་(Italy)་ནས་ཡིན་པའི་རི་འཛེགས་པ་(Renhold Messner)་གྱིས་གོང་ཞུས་རི་འཛེགས་ཀྱི་ལོ་རྒྱུས་ཟིན་ཐོའི་བྱ་གཞག་དེ་འགོ་བརྩམས་པ་ནས་མི་ལོ་༡༦་རིང་ལ་དུས་ཚོད་བཏང་ནས་སྤྱི་ལོ་༡༩༨༦ལོའི་ནང་འཛམ་གླིང་ནང་རི་བོ་མཐོ་ཤོས་༡༤་ཚང་མ་འཛེགས་མཁན་མི་སྣ་ཨང་དང་པོ་དེ་ཆགས་ཡོད་འདུག ད་རེས་གོང་ཞུས་རི་འཛེགས་མཁན་མང་ཤོས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ནས་བོད་ཕྱོགས་སུ་ཡོད་པའི་རི་བོ་(Shisha Pangma)་ཟེར་བའི་རི་རྩེ་འཛེགས་སའི་སྒར་དུ་མཉམ་དུ་འཛོམས་ནས་འདས་པའི་ལོ་ཤས་རིང་གཞི་ནས་རི་འཛེགས་ཀྱི་བྱ་གཞག་དེ་འགོ་བརྩམས་བཞིན་ཡོད་པ་རེད་འདུག ཁོང་ཚོས་གཞན་རི་རྩེ་མཐོ་ཤོས་༡༣་བལ་ཡུལ་ནང་དང་། པཱ་ཀི་སི་ཐན་(Pakistan) བོད་དང་རྒྱ་གར་ནང་ཡོད་པ་དེ་ཚོ་རི་རྩེར་འཛེགས་ཟིན་ཡོད་འདུག གཞན་ཡང་མང་པོ་ཞིག་ན་ནིང་ནས་བོད་ནང་གི་རྨིས་ཊར་༨༠༠༠་ལས་མཐོ་བའི་རི་རྩེ་འཛེགས་རྒྱུར་ངང་སྒུག་བྱེད་མཁན་དག་ཡིན་པ་དང་། རྒྱུ་མཚན་ནི་སྐབས་དེར་ཨ་རིའི་བུད་མེད་གཉིས་དང་བལ་ཡུལ་གྱི་རི་འཛེགས་སྣེ་ཁྲིད་མཁན་བཅས་གངས་རུད་འོག་རྐྱེན་ལམ་དུ་སོང་རྗེས་རྒྱ་ནག་གིས་བོད་ནང་རི་འཛེགས་རྒྱུར་སྒོ་བརྒྱབ་ཡོད་པ་རེད།
ད་ལྟའི་བར་དུ་རྨིས་ཊར་༨༠༠༠་ལས་མཐོ་བའི་རི་རྩེ་ཚང་མར་འཛེགས་ཐུབ་པ་རི་འཛེགས་པ་༥༠་ལས་བྱུང་མེད་པ་དང་། དེ་ནི་མི་རེ་ལ་མཚོན་ན་ལོ་ངོ་བཅུ་ཕྲག་དུ་མར་དུས་ཚོད་བཏང་ནས་གཞི་ནས་གྲུབ་འབྲས་ཐོན་པའི་བྱ་གཞག་ཞིག་ཡིན་འདུག


གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎