བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན།
2016.01.20
དེ་ཡང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་ཁུལ་གྱི་སློབ་ཕྲུག་ཚོགས་པས། བོད་ཀྱི་གནད་དོན་འདི་བོད་དང་རྒྱ་གར་གཉིས་ཀའི་གནད་དོན་ཞིག་ཆགས་ཡོད་སྟབས། བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་བོད་དོན་རྒྱབ་སྐྱོར་མུ་མཐུད་ནས་གནང་རྒྱུའི་ཁས་ལེན་གནང་འདུག དེ་རིང་གཟའ་ལྷག་པའི་སྔ་དྲོར་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་ཁུལ་གྱི་སློབ་ཕྲུག་༣༠་ལྷག་གིས་བོད་པའི་གནས་ཚུལ་རྒྱུས་ལོན་བྱས་པའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག རིག་གནས། བོད་ཀྱི་ཁོར་ཡུག ལྷག་པར་དུ་བོད་རྒྱའི་མཐའ་མཚམས་ཁག་གི་འབྲེལ་བ་སོགས་ནི་བོད་དང་རྒྱ་གར་མི་རིགས་གཉིས་ཀྱི་ལོ་རྒྱུས་ཁྲོད་གལ་གནད་ཆེན་པོ་ཡིན་སྐོར་སོགས་བཀའ་གནང་འདུག
སྐབས་དེར་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་རྒྱ་གར་ནས་བོད་ཀྱི་མི་རྒྱུད་བྱུང་བའི་ལོ་རྒྱུས་དང་། བོད་དང་རྒྱ་གར་གཉིས་དབར་གང་ཅིའི་ཐད་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དེ་དག་མཁྱེན་ཚེ་ད་ལྟ་བོད་རྒྱལ་ཁབ་ཤོར་བའི་གནས་བབ་འདི་འདྲའི་འོག་རྒྱ་གར་གྱིས་བོད་སྲུང་སྐྱོབ་གནང་དགོས་པ་རང་བཞིན་གྱིས་ཆགས་ཡོད་སྐོར་གསུངས་འདུག
དེ་ནས་ཧི་མ་ཅལ་བྱང་ཤར་ཁུལ་གྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་Nagesh Thakurལགས་ཀྱིས་ཧི་མ་ཅལ་བྱང་ཤར་ཁུལ་དུ་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་གྱི་ཉེན་ཁ་ཆེན་པོ་ཡོད་པ་དང་། རྒྱ་གར་བྱང་ཤར་ཁུལ་ནི་བོད་དང་རྒྱ་གར་གྱི་འབྲེལ་ལམ་གཙོ་བོ་ཞིག་ཆགས་ཡོད་སྟབས་གནད་དོན་འདི་བོད་དང་རྒྱ་གར་གཉིས་ཀར་འབྲེལ་བ་ཆགས་ཡོད་པ་དང་། ད་བར་སློབ་ཕྲུག་ཚོགས་པ་དེས་བོད་དོན་རྒྱབ་སྐྱོར་བྱེད་བཞིན་པ་དང་བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ལུགས་ཀྱང་གསུངས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།