ཕར་འཇལ་ཚུར་ལེན་གྱི་ཁྲིམས་འཆར་ལ་བོད་མིའི་སྒྲིག་འཛུགས་ཀྱི་དགའ་བསུ།


2018.12.20
ཕར་འཇལ་ཚུར་ལེན་གྱི་ཁྲིམས་འཆར་ལ་བོད་མིའི་སྒྲིག་འཛུགས་ཀྱི་དགའ་བསུ། ཨ་རིའི་སྲིད་འཛིན་མཆོག་ནས་ཁྲིམས་འཆར་ཞིག་ལ་མཚན་རྟགས་སྐྱོན་བཞིན་པ།
ཨེ་ཨེཕ་པི།

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་ཁྲིམས་འཆར་ ཨང་ HR 1872 སྟེ་བོད་ནང་ཨ་རིའི་མི་སེར་དང་གསར་འགོད་པ། གཞུང་གི་ལས་བྱེད་པ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་མི་སྣ་ཨ་རིའི་ནང་རྒྱ་ནག་གི་མི་སེར་འགྲོ་བསྐྱོད་ཆོག་པ་དང་མཚུངས་པའི་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་དེར་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་གིས་མཚན་རྟགས་བཀོད་གནང་གིས་ཨ་རིའི་གཞུང་གི་ལག་བསྟར་དགོས་པའི་ཁྲིམས་ཡིག་ཞིག་ཏུ་གྱུར་ཡོད་པ་རེད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་ཨ་རིའི་གཞུང་དང་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཨ་རིའི་གྱིས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ཁྲིམས་གཞིར་གཏན་འབེབས་གནང་བ་དེས་རྒྱ་ནག་གཞུང་གིས་ད་བར་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་འཛམ་གླིང་མི་མང་ནག་ཁུང་ནང་བཞག་པ་དེ་ཐེར་འདོན་བྱེད་པའི་ཁྲིམས་ཡིག་ཞིག་ཆགས་ཡོད་སྟབས་འདི་ནི་བོད་མི་ཚོར་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་། སྲིད་བྱུས་འདི་གློ་བུར་དུ་སླེབས་པ་ཞིག་མ་ཡིན་པར་གཙོ་བོ་ཨ་རིར་གཏན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མི་སྣ་མང་པོ་ཞིག་ནས་ལོ་མང་པོའི་རིང་སྐུ་ལས་སྐྱོན་ནས་བྱུང་བ་ཞིག་ཡིན་པར་སོང་ཨ་རིའི་སྲིད་འཛིན་མཆོག་དང་གྲོས་ཚོགས་འཐུས་མི་བཅས་འབྲེལ་ཡོད་ཚང་མར་བོད་མི་མང་སྤྱི་འཐུས་ལྷ་ཚོགས་ཀྱི་ཚབ་ཞུས་ཏེ་བཀྲིན་ཆེ་ཞུ་རྒྱུ་ཡིན་ཅེས་གསུངས་འདུག

དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས།        ཨ་རི་གཞུང་གི་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་དེ་དག་དངོས་སུ་ལག་བསྟར་གནང་ཐུབ་པ་ཡིན་ན་རྒྱ་གཞུང་གི་དྲིལ་བསྒྲགས་བྱས་པའི་བོད་ནང་གི་གནས་ཚུལ་ཙམ་མིན་པར་འཛམ་གླིང་མི་མང་གི་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཐུབ་རྒྱུར་ཕན་ཐོགས་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་འདུག

འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ ཨ་རིའི་ཁྲིམས་འཆར་དེས་བོད་ཀྱི་ཁ་བྲལ་རིང་ལུགས་ལ་ཚབས་ཆེའི་ནོར་འཁྲུལ་གྱི་ལམ་སྟོན་བྱས་པ་ཞིག་ཡིན་པས་རྒྱ་ནག་གཞུང་གིས་དེར་སེམས་ཐག་གཙང་བཅད་ཀྱིས་ངོ་རྒོལ་བྱ་རྒྱུ་དང་དེ་ལས་འབྱུང་བའི་ངན་འབྲས་ཡོངས་རྫོགས་ཨ་རི་གཞུང་གིས་འཁྱེར་དགོས་པ་བརྗོད་ནས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཁྲིམས་འཆར་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༡༧ ལོར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེཀ་གྷོ་ཝརན་མཆོག་ནས་ངོ་སྤྲོད་གནང་ཞིང་། རིམ་པས་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཇེ་ཆེར་སོང་སྟེ་མཐར་འདི་ལོ་ཕྱི་ཟླ་ ༩ ནང་སྤྱི་མོས་ཀྱིས་གཏན་འབེབས་དང་།  གྲོས་ཚོགས་གོང་མའི་འཐུས་མི་ མར་ཀོ་རུ་སྦིཡོ་མཆོག་གིས་མཚམས་སྦྱོར་ཐོག་འཐུས་མི་གཞན་གྱིས་རྒྱབ་སྐྱོར་བྱུང་སྟེ་འདི་ལོ་ཕྱི་ཟླ་ ༡༢ ནང་གྲོས་ཚོགས་གོང་མ་ནས་ཀྱང་ཁྲིམས་འཆར་འདི་གཏན་བེབས་གནང་ཡོད་པ་རེད།

ད་ཆ་ཁྲིམས་ཡིག་འདི་ཨ་རིའི་གཞུང་གིས་ལག་བསྟར་དགོས་པའི་ཁྲིམས་ཡིག་ཞུག་ཏུ་གྱུར་ཟིན་སྟབས།

གཏན་འབེབས་བྱུང་བའི་ཉིན་མོ་ནས་བཟུང་ཉིན་གྲངས་དགུ་བཅུའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཨ་རིའི་མི་སེར་བོད་ནང་འགྲོ་འོང་གི་གནས་སྟངས་རྟོག་ཞིབ་ཀྱིས་ཨ་རིའི་གྲོས་ཚོགས་ལ་སྙན་སེང་དགོས་ཀྱི་ཡོད་ཅིང་།  གལ་ཏེ་རྒྱ་ནག་གཞུང་གིས་མུ་འཐུད་ཨ་རིའི་མི་སེར་ཐོག་དམ་དྲག་བྱེད་པའི་གནད་དོན་རིགས་འབྱུང་ཚེ།  རྒྱ་ནག་གི་དཔོན་རིགས་དང་རྒྱ་མིའི་མི་སེར་ཨ་རིའི་ནང་འགྲོ་འོང་ཐད་ཚོད་འཛིན་བཀག་སྡོམས་ཀྱི་ལས་དོན་སྤེལ་དགོས་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎