རྣམ་སྤྱོད་ལྡན་པའི་བོད་མིའི་འོས་ཞེས་འོས་འཕེན་སའི་དྲ་ལམ།
2020.06.27
ཕྱི་ལོ་༢༠༢༡ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཆེད་བོད་མི་ཁག་ཅིག་གིས་སྣེ་ཁྲིད་འོག་མང་གཙོའི་ལས་འཆར་Project Democracy ཞེས་པའི་ལས་འཆར་ཞིག་གསར་བཟོ་གནང་འདུག དེ་ཡང་དེ་སྔ་སུད་སི་དང་ཨོ་སི་ཊོ་ལི་ཡ་སོགས་སུ་ལམ་ལྷོང་བྱུང་བའི་དྲ་ལམ་འོས་བསྡུའི་ཐབས་ལམ་ཞེས་པར་དཔེ་བླངས་ནས་བོད་མི་ཚོར་འོས་བསྡུ་དང་འབྲེལ་བའི་གནད་དོན་ཐད་གོ་རྟོགས་སྤེལ་བ་དང་། འཁྱོག་བཤད་མེད་པར་འོས་མི་ངོ་སྤྲོད་བྱ་རྒྱུ་སོགས་ཀྱི་ཆེད་དུ་ཡིན་པ་དང་། ལས་འཆར་དེའི་ཚོགས་མི་སུད་སི་ནང་བཅའ་བཞུགས་བཀྲས་མཐོང་དབང་པོ་ལགས་ཀྱིས་མང་ཚོགས་ནས་དྲི་བ་གང་མང་མང་ཞིག་གནང་བའི་རེ་བ་གནང་གི་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དྲ་ཐོག་གི་སྡིངས་ཆ་དེའི་ཐོག་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚང་མས་རང་གི་འདོད་མོས་ཡོད་པའི་བརྗོད་གཞི་དང་དྲི་བ་ཁག་གནང་རྒྱུའི་རེ་སྐུལ་དང་། མཐའ་མའི་དྲི་བ་ཁག་དྲ་ཐོག་གི་སྡིངས་ཆ་བརྒྱུད། དབུས་འོས་བསྡུ་ལྷན་ཁང་ནས་༢༠༢༡འོས་བསྡུའི་གཞུང་འབྲེལ་གསལ་བསྒྲགས་གནང་བའི་རྗེས་དྲ་ཐོག་ནས་གཟིགས་ཐུབ་པའི་གྲ་སྒྲིག་ཞུ་རྒྱུ་ཡིན་ལུགས་རྣམ་སྤྱོད་ལྡན་པའི་བོད་མིའི་འོས་ཞེས་འོས་འཕེན་སའི་དྲ་ལམ་མ་ལག་གསར་བཟོ་གནང་མཁན་གྱིས་འགྲེལ་བརྗོད་གནང་གི་འདུག
རྩ་བའི་འཆར་ཕྱི་ལོ་༢༠༢༡ལོའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་སྐབས། དེ་སྔ་དང་མི་འདྲ་བར་བོད་མིའི་ཚོགས་པ་སྐྱིད་སྡུག་ཁག་ནས་འོས་མིའི་མཚན་གཞུང་བཏོན་མ་ཆོག་པ་དབུས་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་གསར་དུ་བཀོད་ཡོད་པ་རེད།
དྲ་ལམ་འོས་འཕེན་གྱི་རྣམ་དཔྱོད་ལྡན་པའི་བོད་པའི་འོས་མི་ཞེས་པའི་ལས་འཆར་ཚོགས་པ་དེ་ནི་ཆབ་སྲིད་དང་། ཚན་རིག ལོ་རྒྱུས། སེམས་ཁམས་རིག་པ་ གློག་ཀླད་འཕྲུལ་ཆས། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཤེས་ཡོན་གྱི་རྒྱབ་ལྗོངས་གང་ལེགས་ཡོད་པའི་བོད་མི་ཁག་གིས་སྣེ་ཁྲིད་གནང་བའི་ལས་གཞི་ཞིག་ཡིན་འདུག།