ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་གྱོད་གཏུགས་བྱས་བ།
2015.11.24
ཕྷི་ལི་པིནསི་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་གནད་དོན་དེ་ཧོ་ལེནཌའི་ནང་གི་རྒྱལ་སྤྱིའི་ཁྲིམས་ཁང་དུ་གྱོད་གཏུག་བྱས་ཡོད་པ།
ཕྷི་ལི་པིནསི་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་གནད་དོན་དེ་ཧོ་ལེནཌ་འམ་ནེ་ཐེར་ལེནཌ་ནང་གྱི་གྲོང་ཁྱེར་The Hague རུ་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ཁང་དུ་གྱོད་གཏུག་བྱས་ཡོད་པ་དང་། ཕྷི་ལི་པིནསི་གྱི་གྱོད་གཏུག་དེའི་ནང་རྒྱལ་སྤྱིའི་ཁྲིམས་ཁང་ནས་ཕྷི་ལི་པིནསི་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རང་དབང་གི་ཐོག་ནས་བཀོལ་སྤྱོད་བྱེད་དབང་ཡོད་པ་ངོས་འཛིན་ཡོད་ལུགས་ཞུས་ཡོད་ཅིང་། གྱོད་གཏུག་དེས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་བདག་དབང་ཡོད་པ་བརྗོད་མཁན་ཚོར་བློ་སྤོབས་གསར་པ་ཞིག་བྱིན་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་དཔལ་འབྱོར་དང་ས་བབས་ཀྱི་བདག་དབང་ཡོངས་རྫོགས་རྒྱ་ནག་ལ་ཡོད་པ་བརྗོད་བཞིན་ཡོད་ཅིང་། ཕྷི་ལི་པིནསི་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་གྱོད་གཏུག་བྱེད་པའི་གྱོད་ཡ་རྒྱ་ནག་ཡིན་ཡང་རྒྱ་ནག་གི་སྐུ་ཚབ་ཁྲིམས་ཁང་དུ་ངོ་སྦྱོར་བྱས་མེད་པར་མ་ཟད། གནད་དོན་འདིའི་ཐད་རྒྱལ་སྤྱིའི་ཁྲིམས་ཁང་གི་དབང་ཚད་ལ་བརྩི་བཀུར་བྱ་རྒྱུ་མིན་ལུགས་བརྗོད་ཡོད་པ་རེད།
ཨིན་ཌུ་ནེ་ཤི་ཡས་ཀྱང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་སྟོབས་ཤུགས་ངོམས་སྟོན་ཤུགས་ཆེ་བྱེད་བཞིན་པ་འགོག་ཐབས་ཆེད། རྒྱ་མཚོའི་བདག་དབང་གི་གནད་དོན་ཐད་རྒྱལ་སྤྱིའི་ཁྲིམས་ཁང་ཞུ་གཏུག་བྱ་སྲིད་ལུགས་བརྗོད་ཡོད་པ་རེད། ཕྷི་ལི་པིནསི་གྱི་གནད་དོན་ཞུ་གཏུག་བྱ་མཁན་གྱི་ཁྲིམས་རྩོད་པ་ཚོ་གཟའ་མིག་དམར་ཉིན་The Hagueརྒྱལ་སྤྱིའི་ཁྲིམས་ཁང་དུ་ངོ་སྦྱོར་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏེན་འབེབས་གཞིར་བཟུང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཕྷི་ལི་པིནསི་ལ་ཡུལ་དེའི་མཚོ་ཁ་ནས་མཚོ་ཐོག་མེ་ལེ་༢༠༠ཙམ་ནང་ཚུད་དཔལ་འབྱོར་དང་ས་བབས་ཀྱི་བདག་དབང་ངོས་ལེན་ཡོང་བའི་ཞུ་གཏུག་བྱས་ཡོད་པ་རེད།
ཕྷི་ལི་པིནསི་གྱི་ཕྱི་སྲིད་བློན་ཆེན་གྱིས། ད་ཆ་གནད་དོན་འདིའི་ཐད་རྒྱལ་སྤྱིའི་ཁྲིམས་ཁང་ནས་ང་ཚོར་བདེན་པ་ཇི་ཙམ་ཡོད་མེད་ཞིབ་འཇུག་གནང་རྒྱུ་དང་། གནད་དོན་འགའ་ཤས་ཐོག་ང་ཚོར་བདེན་པའི་ཐག་གཅོད་ཞིག་ཡོང་རྒྱུར་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།