རྒྱ་ནག་གཞུང་གིས་རྩོམ་པ་པོ་དང་གསར་འགོད་པ་གཙོས་ཞི་བའི་མི་སེར་ཐོག་དྲག་གནོན་བྱེད་བཞིན་པར་པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྐྱོན་བརྗོད་གནང་འདུག

དེ་ཡང་ཕྱི་ཟླ་བདུན་པའི་ཚེས་༤ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་ཡོངས་ཁྱབ་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་བ་བྱས་པའི་མཇུག་འབྲས་གསལ་བསྒྲགས་སྐབས་སུ། པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་སམ་རྒྱལ་སྤྱིའི་མྱུ་གུ་ཚོགས་པས་(PEN International)་རྒྱ་ནག་གཞུང་གིས་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣའི་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། སྒོ་ཤེས་རབ་རྒྱ་མཚོ་ལགས་ཐེ་བའི་སྨྲ་བརྗོད་རང་དབང་ཆེད་རྒྱ་ནག་གི་བཙོན་དུ་ཚུད་པའི་རྩོམ་པ་པོ་དང་སྙན་ངག་པ། གསར་འགོད་པ་དང་ཤེས་ཡོན་པ་སོགས་གནོད་འཚེ་ཕོག་མཁན་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
གོང་ཞུས་གསལ་བསྒྲགས་དེ་ནི་པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་སྟེ་རྒྱ་ཡིག་རྩོམ་པ་པོའི་ཚོགས་པ་དང་། པེན་བོད་མིའི་རྩོམ་པ་པོའི་མཐུནཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་ཡོངས་ཁྱབ་དུས་བཅད་བསྐྱར་ཞིབ་ཐེངས་བཞི་བའི་མཇུག་འབྲས་གསལ་བསྒྲགས་སྐབས་སུ་སྤེལ་ཡོད་པ་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཕུལ་བའི་སྙན་ཐོའི་སྐོར་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲུང་ཆེ་མགོ་ལོག་ལྕགས་མོ་ལགས་ཀྱིས་དེའི་བརྒྱུད་རིམ་དང་ནང་དོན་བཅས་ངོ་སྤྲོད་གནང་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་སོགས་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་པར་པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སེམས་འཚབ་ཡོད་པ་བརྗོད་ནས། རྒྱ་ནག་ནང་བོད་དང་ཡུ་གུར་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་རང་རང་གི་བསམ་ཚུལ་ཞི་བའི་ཐོག་བརྗོད་མཁན་ཤར་ཏུར་ཀིསུ་ཐན་གྱི་རྩོམ་པ་པོ་(Ilham Tohti)་ལགས་དང་། བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། རྒྱ་ནག་གི་རྩོམ་པ་པོ་(Gui Minhai)་སོགས་ཀྱིས་རྒྱ་ནག་གི་བཙོན་དུ་ཚེ་བཙོན་དང་ཡང་ན་ལོ་བཅུའི་ཁྲིམས་ཆད་འཁུར་བཞིན་ཡོད་པ་རེད་ཅེས་མིང་འདོན་ནས་སྐྱོན་བརྗོད་བྱས་འདུག དེ་མིན་ད་དུང་ཧོང་ཀོང་ནང་གི་པར་སྐྲུན་ཚོང་བ་དང་གསར་འགྱུར་ལས་རིགས་ཀྱི་མི་སྣ་(Jimmy Lai)་ལ་ཁྲིམས་གཞི་༢༣པའི་ནང་དོན་ལྟར་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་སྲིད་པ་བརྗོད་དེ། རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་ཆེད་བཙོན་དུ་བཅུག་པའི་རྩོམ་པ་པོ་དང་གསར་འགོད་པ་སོགས་ཚང་མ་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཐོག་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་དང་དྲག་གནོན་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་གསལ་བསྒྲགས་དང་བཅས་འབོད་སྐུལ་གནང་འདུག
དེ་བཞིན་དུ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁ་སྣོན་གནས་ཚུལ་ནང་། ཡོངས་ཁྱབ་དུས་བཅད་བསྐྱར་ཞིབ་ནི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་དབུ་ཁྲིད་པའི་འཕེལ་རིམ་ལས་དོན་ཞིག་ཡིན་ལ། ཚོགས་ཁོངས་རྒྱལ་ཁབ་ཚང་མས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་བསྐྱར་ཞིབ་བྱེད་རྒྱུར་ངོས་ལེན་བྱེད་དགོས་པའི་དགོས་འདུན་བཏོན་པ་ལྟར། བསྐྱར་ཞིབ་བྱ་ཡུལ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསྐྱར་ཞིབ་གི་མཐུན་རྐྱེན་སྦྱོར་དགོས་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་དོ་ཁུར་དང་བསམ་འཆར་བཏོན་ཆོག་དགོས། ཡོངས་ཁྱབ་དུས་བཅད་བསྐྱར་ཞིབ་ལས་དོན་ལམ་འགྲོ་ཡོང་ཆེད་བསྐྱར་ཞིབ་བྱ་ཡུལ་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་ཆེད་ཁས་བླངས་པ་ཚང་མ་གང་ཐུབ་ཅི་ཐུབ་བྱས་ཏེ་ལག་ལེན་དུ་བསྟར་དགོས། ཡིན་ནའང་། བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་གིས་ཡོངས་ཁྱབ་དུས་བཅད་བསྐྱར་ཞིབ་དང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་ལས་དོན་ལ་སྣང་མེད་བྱས་པར་མ་ཟད། རྒྱ་ནག་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཡ་ང་བའི་གནས་སྟངས་ཐད་གླེང་སློང་བྱེད་རྒྱུར་འགོག་ཐབས་བྱས་ཏེ། ཁྲིམས་ལུགས་ལོག་པར་སྤྱད་ནས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་པའི་རྩོམ་པ་པོ་དང་གསར་འགོད་པ། གཞན་ཡང་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ལ་བསྟུད་མར་རིག་གནས་དྲག་གནོན་བྱེད་བཞིན་ཡོད་ཅེས་བཀོད་འདུག
རྒྱ་ནག་པེ་ཅིང་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཀྱིས་བཏོན་པའི་བསམ་འཆར་ལ་དགག་རྒྱག་བྱས་ཏེ། དེ་ནི་གནས་ཚུལ་རྫུན་མ་རྨང་གཞི་བྱས་པའི་རྫུན་གཏམ་ཡིན་ཚུལ་བཤད་འདུག
བསམ་འཆར་དེ་དག་གི་ཁྱབ་ཁོངས་སུ་༢༠༢༢་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་གི་དམིགས་བསལ་ཆེས་མཐོའི་ལས་དོན་ཁང་གི་ཤར་ཏུར་ཀིསུ་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གྱི་སྙན་ཐོའང་ཐེ་ཡོད་ལ། སྙན་ཐོ་དེས་རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་དུ་འགྲོ་བ་མིར་རྒོལ་བའི་ཉེས་པ་བསགས་པར་ངོས་འཛིན་བྱས་པ་དང་། སེམས་ཁུར་དེ་དག་ལ་གཞིགས་ནས། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་འདེགས་ཁང་གིས་ཉེ་ཆར་ཟླ་༧པའི་ཚེས་༤་ཉིན་སྤེལ་བའི་མཉམ་འབྲེལ་གསལ་གྱི་ཚོགས་ཁོངས་རྒྱལ་ཁབ་༢༩འི་ནང་གི་གཅིག་ཡིན་པ་རེད།
རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་(Dr. Ross Holder)་ལགས་ཀྱིས་གཏམ་བཤད་གནང་བའི་ནང་། རྒྱ་ནག་གཞུང་གིས་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་གཙོས་པའི་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་རྩོམ་པ་པོ་དང་སྙན་ངག་པ། དེ་བཞིན་གསར་འགོད་པ་དང་ཤེས་ལྡན་མི་སྣ་མང་པོ་ཞིག་མིང་འདོན་གྱིས་ཁོང་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་སྐབས་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱང་མིང་འདོན་གནང་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།