བོད་ནང་གི་ཤེས་ཡོན་པ་དང་སློབ་གསོ་བ་ཚོར་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་འདུག

ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༢་ནང་། རྒྱ་ནག་གཞུང་གིས་དྲྭ་ལམ་ཆོས་ལུགས་དང་འཆད་ཁྲིད་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་ཟེར་བའི་དོན་ཚན་ལྔ་ཅན་གྱི་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་ཡོད་པ་བཞིན། རྒྱ་ནག་གཞུང་གིས་ཁྲིམས་དེ་ལག་བསྟར་དང་འབྲེལ། བོད་ཁུལ་གྱི་ཤེས་ཡོན་པ་དང་སློབ་གསོའི་སྣེ་ཁྲིད་པ་རྣམས་ལ་དམིགས་བསལ་གྱིས་དམ་དྲག་དང་། དྲྭ་ལམ་དང་ཤེས་ཡོན་ལྟེ་གནས་སོགས་ནང་ཆོས་འཆད་ཁྲིད་དང་སློབ་གསོ་ཡར་སྐུལ་གྱི་གཏམ་བཤད་རིགས་རྩ་ནས་བྱེད་འཇུག་གི་མེད་པ་དང་། གྲྭ་བཙུན་ཤེས་ཡོན་པ་དང་རྩོམ་པ་པོ་ཚོར་གཞུང་གི་ཆོག་མཆན་མེད་པར་ཆོས་ཁྲིད་དང་སློབ་གསོའི་སྐོར་གྱི་དཔེ་དེབ་ཀྱང་པར་བསྐྲུན་འགྲེམས་སྤེལ་བྱེད་འཇུག་གི་མེད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྤྱིར་ན་རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་པ་ཚོའི་འཆད་ཁྲིད་དང་ཆོས་ལུགས་སློབ་ཁྲིད་སོགས་ལ་དམ་དྲག་མ་བྱས་གོང་དུ། ཕྱི་ལོ་༢༠༡༨དང་༢༠༡༩བར་བོད་ནང་གི་ཤེས་ཡོན་པ་ཚོས་སྤྱི་ཚོགས་ཁྲོད་དང་སློབ་གྲྭ དེ་བཞིན་དགོན་སྡེ་ཁག་ཏུ་སློབ་གསོ་ཡར་སྐུལ་དང་ཆོས་འཆད་ཁྲིད་སོགས་ཀྱི་བྱ་འགུལ་མང་དག་ཅིག་སྤེལ་སྲོལ་དར་ཁྱབ་ཆེན་པོ་ཕྱིན་ཡོད་ཀྱང་། ཕྱི་ལོ་༢༠༢༡ལོ་ནས་བཟུང་དེ་རིགས་རྩ་ནས་གོ་ཐོས་མེད་པར་གྱུར་ཡོད་པ་རེད་ལ། གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་དེས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མདོ་དབུས་ཁམས་གསུམ་ནས་ནམ་རྒྱུན་མི་མང་ནང་གུས་བརྩི་དང་ཆེ་མཐོང་ཡོད་པའི་བོད་རིགས་ཤེས་ཡོན་པ་མང་དག་ཅིག་ལ་སྤྱི་ཚོགས་ཁྲོད་གཏམ་བཤད་དང་། འཆད་ཁྲིད་རིགས་བྱེད་རྒྱུ་བཀག་ཡོད་པ་དང་། དེ་དག་གི་ཁྲོད་དཔེར་ན། དངོས་སུ་ཤེས་རྟོགས་བྱུང་བ་བོད་ནང་གི་གྲྭ་བཙུན་སློབ་གསོ་བ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་དང་། བོད་ཀྱི་ལོ་རྒྱུས་མཁས་དབང་སྡེ་རོང་ཚེ་རིང་དོན་གྲུབ། ཕོ་བྲང་པོ་ཏ་ལའི་འཛིན་སྐྱོང་དང་ཉམས་ཞིབ་པ་བསོད་ནམས་ལགས། བོད་ཀྱི་སློབ་གསོ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་སོགས་ལ་སྤྱི་ཚོགས་ཁྲོད་ཡོངས་གྲགས་ངང་འཆད་ཁྲིད་དང་གཏམ་བཤད་རིགས་གང་ཡང་བྱེད་བཅུག་གི་མེད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་དྲ་ལམ་ཆོས་ལུགས་དང་འཆད་ཁྲིད་སྟངས་འཛིན་ཁྲིམས་ཡིག་ཟེར་བའི་ནང་ཆོས་ལུགས་བྱེད་སྒོ་སྤེལ་མཁན་གཙོ་གཉེར་བ་དེ། རྒྱ་ནག་ནང་ལོགས་སུ་གནས་སྡོད་བྱེད་མཁན་དང་ཐོབ་ཐང་ལག་ཁྱེར་ཡོད་པ། ཉུང་མཐར་འདས་པའི་ལོ་༣ནང་ཁྲིམས་འགལ་གྱི་ནག་ཉེས་མེད་པ་ཞིག་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པའི་ལག་འཁྱེར་དགོས་སྐོར་བཀོད་ཡོད་འདུག འབྲེལ་ཡོད་བོད་མི་གཞན་ཞིག་གིས། བོད་རིགས་ཤེས་ཡོན་པ་ཚོར་སློབ་གསོ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་ལག་འཁྱེར་དང་ཐོབ་ཐང་གང་ཡང་སྤྲོད་ཀྱི་མེད་པ་དང་། དེང་སྐབས་ཤེས་ཡོན་པ་ཚོར་སྤྱི་ཚོགས་སློབ་གསོ་རིགས་གང་ཡང་སྤེལ་འཇུག་གི་མེད་ཀྱང་། བོད་ནང་གི་ཐད་གཏོང་དྲྭ་ལམ་ཁག་ཏུ་མགོ་གཡོག་མགོ་སྐོར་གྱི་ཚོང་ལས་དང་། ལྟ་མི་གཟོད་པའི་ཀུན་སྤྱོད་ཡ་མ་ལ་པོ་རྐྱང་གིས་ཁེངས་བཞིན་ཡོད་ཀྱང་དེར་དམ་དྲག་གང་ཡང་མེད་པ་སོགས་འགྲེལ་བརྗོད་གནང་སོང་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། དེང་སྐབས་ཤེས་ཡོན་པ་ཚོར་གཏམ་བཤད་ཀྱི་སྨྲ་བརྗོད་རང་དབང་བཀག་འགོག་ཙམ་མ་ཟད། དེ་སྔ་བཞིན་སྤྱི་ཚོགས་དྲ་ལམ་དུ་རྩོམ་ཡིག་སྤེལ་རྒྱུ་སོགས་ལ་དམ་དྲག་དང་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་བཟུང་། བོད་ནང་གི་ཤེས་ཡོན་པའི་སྡེར་དམ་དྲག་དང་། རྒྱ་ནག་གཞུང་གི་ལྟ་ཚུལ་དང་མི་མཐུན་མཁན་ཚོ་འཛིན་བཟུང་དང་བཀག་ཉར་བྱེད་པ། དེ་བཞིན་བོད་ནང་གི་སྤྱི་ཚོགས་སྣེ་ཁྲིད་ལ་ནུས་པ་ཆེན་པོ་ཡོད་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། རོང་བོ་དགེ་འདུན་ལྷུན་གྲུབ་ལགས། རྩོམ་པ་པོ་དྷི་ལྷ་ལྡན་ལགས། དགེ་འདུན་པ་འཕྲིན་ལས་ལགས། དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས། ན་གཞོན་ཤེས་ཡོན་པ་ས་བུ་ཆེ་ལགས། གངས་སྐྱེས་སྒྲུབ་པ་སྐྱབས་ལགས། གངས་བུ་གཡུ་བྷྲུཾ་ལགས། བསམ་འགྲུབ་ལགས། སྲས་རྣམ་ལགས། གངས་ཚེ་རིང་སྒྲོལ་མ་ལགས། པདྨ་རིན་ཆེན་ལགས། ཟངས་དཀར་ཚུལ་ཁྲིམས་བཅས་འཛིན་བཟུང་དང་མང་ཆེ་བར་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་གཡོགས་སྟེ་དུས་ཡུན་མི་འདྲ་བའི་ཁྲིམས་ཐག་བཅད་ཡོད་པ་རེད་ལ། དེ་མིན་ཤེས་ཡོན་པ་དང་རྩོམ་པ་པོ་མང་དག་ཅིག་ལ་དུས་ངེས་མེད་དུ་སུན་གཙེར་དང་རྗེས་འདེད་ལྟ་བཤེར་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།