པད་མ་མཁའ་འགྲོ་ལགས་ཀྱིས་བློན་ཆེན་ནས་དགོངས་ཞུ་གནང་བ།
2015.10.28
རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པད་མ་མཁའ་འགྲོ་ལགས་དགོངས་ཞུ་གནང་ཡོད་འདུག
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པད་མ་མཁའ་འགྲོ་ལགས་ཀྱིས། སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ཕྱག་བྲིས་ཤིག་ཕུལ་ཡོད་པ་དེའི་ནང་། སྐུ་ཉིད་ཀྱིས་འགོ་འཁྲིད་པའི་འོག་མངའ་སྡེའི་ནང་། མང་ཚོགས་ཀྱི་མངོན་འདོད་ལྟར་ལས་དོན་མང་པོ་ཞིག་མ་འགྲུབ་པར་འཐུས་ཤོར་འགྲོ་གི་ཡོད་པ་མ་ཟད། ཆབ་སྲིད་ཀྱི་བརྟན་ལྷིང་མེད་པ་དང་། ཚོགས་པའི་ནང་དུའང་མང་གཙོ་མེད་པ། དེ་དང་ཕྱོགས་མཚུངས་མངའ་སྡེའི་ནང་དཔལ་འབྱོར་གྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་བཅས་ཀྱི་ལས་དོན་ཐོག་ལ་དམིགས་བསལ་ཡོ་བསྲང་དང་། ཡར་རྒྱས་གཏོང་རྒྱུའི་ཐབས་ཤེས་གང་ཡང་མ་གནང་བ་སོགས་ཕྱོགས་གང་ས་ནས་འཛིན་སྐྱོང་གི་འཐུས་ཤོར་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཏུ་གྱུར་འགྲོ་གི་ཡོད་སྟབས། གུས་རང་ལས་གནས་ནས་དགོངས་ཞུ་མི་ཞུ་ཐབས་མེད་བྱུང་སོང་ཞེས་བཀོད་ཡོད་པ་རེད།
དེའི་གོང་དུའང་སྤྱི་ཁྱབ་བློན་ཆེན་Nabam Tukiམཆོག་གི་ཚོགས་པའི་འཐུས་མི་མང་པོས། ཚོགས་པའི་ནང་སྲིད་དབང་གཅིག་སྡུད་ལྟབུའི་འཛིན་སྐྱོང་བྱས་ནས་རང་དབང་མེད་ལུགས་གླེང་སློང་བྱུང་བ་སོགས་གང་ལྟར་ཚོགས་མི་ཚོའི་ངོས་ནས་བློ་ཁ་མ་ཁེངས་པ་དང་། མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད།
གོང་དུ་ཞུས་པའི་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པད་མ་མཁའ་འགྲོ་ལགས་ནི། དེ་སྔ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རིན་ཆེན་མཁའ་འགྲོ་ལགས་ཀྱི་བུ་རྒན་པ་ཡིན་པ་དང་། ཁོང་ཟླ་ཤས་གོང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན། དགུང་གྲངས་བརྒྱད་ཅུ་ཐམ་པར་ཕེབས་པའི་སྐུའི་གྱ་སྟོན་མཛད་སྒོ་བཞུགས་སྒར་རྡ་རམ་ས་ལར་སྲུང་བརྩི་ཞུས་གནང་བའི་སྐབས་སུ། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྷན་དུ་བཅར་མཁན་གྱི་ཚོགས་ཆུང་ཁོངས་སུ་ཡོད་པ་མ་ཟད། རྒྱུན་གཏན་ནས་༧གོང་ས་མཆོག་ལ་ཐུགས་གུས་བརྩི་ཆེན་པོ་ཞུ་མཁན་ཞིག་ཡིན་པ་རེད། ཁོང་རང་ཉིད་དེ་སྔ་ཕྱི་ལོ་༢༠༡༡ལོར་སྤྱི་ཁྱབ་བློན་ཆེན་རིན་ཆེན་མཁའ་འགྲོ་ལགས་གློ་བུར་དགོངས་པ་རྫོགས་པའི་རྗེས་སུ་བློན་ཆེན་དུ་བསྐོ་བཞག་བྱུང་བ་ཞིག་ཡིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།