གར་བཞུགས་མི་ཤེས་བའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར།


2014.04.25
བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པར་པཎ་ཆེན་ཆུང་སྲིད་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་པ། ༢༠༡༤།༤།༢༥ བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པར་པཎ་ཆེན་ཆུང་སྲིད་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་པ། ༢༠༡༤།༤།༢༥
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

སྤྱི་ཟླ་༤པའི་ཚེས་༢༥ཉིན་ནི་པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༥ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་དང་། ཉིན་འདིར་བོད་མི་གནས་ཡུལ་རྒྱལ་སྤྱིའི་ས་གནས་གང་སར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བོད་མིིའི་ཚོགས་པ་སྒྲིག་འཛུགས་ཁག་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་རྗེས་དྲན་གྱི་སྨོན་ལམ་གསོལ་འདེབས་དང་། ཁོང་གང་མྱུར་གློད་གྲོལ་ཡོངས་ཐབས་སོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
ཚེས༢༥ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ཀོབ་ལ་ཡོད་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་ནག་གཞུང་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་ཏེ་འདས་པའི་མི་ལོ་༡༩རིང་ཁོང་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ལ་སེམས་ཁུར་དང་ཆབས་ཅིག་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་མི་རིགས་ཀྱི་དོན་དུ་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་པ་ཁག་ལ་དྲན་གསོ་ཞུས་གནང་འདུག སྲིད་སྐྱོང་མཆོག་གིས་མུ་མཐུད།  ༡༩༧༧ ལོར་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་རྗེས་ ༡༩༨༦ ལོར་ ལྷ་ལྡན་སྨོན་ལམ་ཆེན་མོ་སླར་གསོ་མཛད་པ་དང་། སྐབས་དེར་མང་ཚོགས་ལ་"ངོས་ཀྱི་རེ་བ་ལ་མི་རིང་བར། ༧རྒྱལ་བ་ཐམས་ཅད་མཁྱེན་པ་བོད་ལ་ཕེབས་རྒྱུ་བྱུང་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ལ་སོགས་པའི་ཆོས་ཀྱི་མཛད་སྒོ་དེ་ཚོའི་གཙོ་སྐྱོང་གནང་རྒྱུའི་སྐལ་བ་བཟང་པོ་འཆར་བའི་སྨོན་འདུན་ཞུ་གི་ཡོད།"ཅེས་དང་། ༧རྒྱལ་བ་ཐམས་ཅད་མཁྱེན་པ་དང་ངོས་གཉིས་ནི་ཆོས་གྲོགས་ཡིན། ངོས་གཉིས་ཀྱི་བར་མི་མཐུན་པའི་ཆ་ཕྲ་མོ་ཙམ་ཡང་མ་མཆིས། མི་རིགས་ཐམས་ཅད་དང་ལྷག་པར་བོད་མི་རིགས་ནང་ཁུལ་འཆམ་མཐུན་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ་ཞེས་གསུང་པའི་བཀའ་སློབ་ལུང་འདྲེན་གནང་འདུག དེ་བཞིན་ཡང་ ༡༩༨༧ ཟླ་ ༣ ཚེས་ ༢༨ ཉིན་ རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་ཆེན་ཐེངས་ལྔ་པར་ རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཀྱི་དབང་གིས་ བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་གོམས་གཤིས་བཅས་པར་ཉམ་ཆག་ཚབས་ཆེ་ཕོག་པར་སྐྱོན་བརྗོད་དང་། མ་འོངས་པར་དགེ་སྐྱོན་ཡོ་བསྲང་བྱེད་དགོས་པའི་དགོངས་འཆར་ཐུགས་སྤོབས་ཆེན་པོའི་སྒོ་ནས་འདོན་གནང་མཛད་པ་སོགས་ བོད་མི་རིགས་ཀྱི་བདེ་དོན་དང་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་སྲུང་སྐྱོབ་དང་ཉམས་པ་སླར་གསོ་མི་ཉམས་རྒྱུན་འཛིན་གྱི་དགོངས་གཞི་མཛད་པའི་རླབས་ཆེའི་དབུ་ཁྲིད་ཅིག་ཡིན་པ་རྩོད་མེད་ཡོངས་གྲགས་ཡིན་པ་གསལ་འདོན་གནང་འདུག
སྤྱི་ལོ་༡༩༨༩ཟླ་༡ཚེས་༢༨ཉིན་པཎ་ཆེན་སྐུ་ཐོག་གོང་མ་དགུང་གྲངས་༥༡་ལ་ཕེབས་སྐབས་ གནས་སྟངས་གསལ་པོ་མེད་པའི་དོགས་གཞིའི་འོག་གློ་བུར་དུ་སྐུ་གཤེགས་པ་དང། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་ལམ་ལུགས་གཞིར་བཟུང་ལོ་མང་རིང་བརྟག་དཔྱད་ཞིབ་བསྡུར་གནང་རྗེས། ཕྱི་ལོ་༡༩༩༥ཟླ་༥ཚེས་ ༡༤ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གསལ་བསྒྲགས་གནང་ཡོད་པ་མ་ཟད། ཡང་སྲིད་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་སློབ་གཉེར་གསན་བཞེས་དང་། ཆོས་ཕྱོགས་ཀྱི་མཛད་འགན་བཞེས་རྒྱུར་རྒྱ་ནག་གཞུང་གིས་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་གནང་མཛད་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་༧གོང་ས་མཆོག་ནས་ཆུང་སྲིད་རིན་པོ་ཆེ་ངོས་འཛིན་གསལ་བསྒྲགས་གནང་པའི་ཉིན་ཤས་རྗེས་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར་བཅས་པ་བཙན་ཁྲིད་ཀྱིས་ད་བར་ལོ་ངོ་༡༩་ཕྱིན་ཡོད་པ་དང་། ད་ལྟ་ཁོང་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་འཛམ་གླིང་ཡོངས་ཀྱིས་ཤེས་གསལ་དུ་གྱུར་ཡོད། རྒྱ་ནག་གཞུང་གི་ཁོང་བཙན་འཁྲིད་དོ་དམ་བྱེད་སྐབས་ཆུང་སྲིད་རིན་པོ་ཆེ་དགུང་གྲངས་དྲུག་ལས་ཕེབས་མེད་པས་འཛམ་གླིང་ནང་ཆབ་སྲིད་ཀྱི་བཙོན་པ་དགུང་ལོ་ཆུང་ཤོས་ཆགས་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བཞུགས་སྒར་ཁུལ་དུ་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་པ། ༢༠༡༤།༤།༢༥

དེ་བཞིན་ཡང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ཉེར་ལྔར་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་མི་ཡོངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོིས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་སྐུ་འཁོར་རྣམ་པ་གློད་གྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་ཀྱང་རྒྱ་གཞུང་གིས་མཆོག་སྤྲུལ་རིན་པོ་ཆེ་སྐུ་འཚོ་བཞེས་ཡིན་ལུགས་ཙམ་ལས་ད་ལྟའི་བར་ལོ་ངོ་༡༩ཉེ་བའི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ད་ལྟའི་ཡང་སྲིད་ནི་སྐུ་གོང་མའི་མཛད་འཕྲིན་འཕྲོ་སྐྱོང་གི་སླད་དུ་བྱོན་པ་ཞིག་ཡིན་སྟབས། རྒྱ་གཞུང་གིས་རང་གི་དགོས་མཁོ་སྒྲུབ་ཐབས་སུ་རང་སྣང་གང་དྲན་གྱི་བྱེད་སྟངས་ཐ་ཤལ་འདི་རིགས་ཀྱིས་དད་ལྡན་མང་ཚོགས་ཀྱི་སེམས་ངོར་གསོ་ཐབས་མེད་པའི་རྨ་ཁ་བཟོ་བཞིན་ཡོད། མིག་རྒྱང་ཐུང་བའི་རྒྱ་ནག་གི་དབང་འཛིན་པའི་བྱེད་བབ་འདིས་སྲིད་པ་ཆགས་པ་ནས་ཁྱིམ་མཚེས་སུ་གནས་པའི་བོད་རྒྱ་མི་རིགས་དབར་འཁོན་འགྲས་ཀྱི་རྐྱེན་སློང་ལྟ་བུ་ཆགས་པ་ཡིན་ན། དེ་ནི་སྣང་ཆུང་བྱ་ཡུལ་ཞིག་གཏན་ནས་མིན། བོད་དང་བོད་མི་འཆི་གསོན་ཆགས་འཇིག་གི་ཛ་དྲག་གི་གནས་ཚུལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་༡༩༦༢ལོར་རྒྱ་ནག་དབུས་གཞུང་ལ་ཕུལ་བ་དེའི་ནང་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ཐོག་འཛིན་པའི་སྲུད་བྱུས་ལ་སྐྱོན་འཛུགས་གནང་ཡོད་པའི་རྣམ་ཐར་ནི་སྐུའི་མཛད་འཕྲིན་གྱི་སྙིང་པོ་གལ་ཆེན་ཆགས་ཡོད། རྒྱ་གཞུང་གིས་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་ལུགས་བཤད་བཞིན་ཡོད་པ་ལྟར་ད་ལྟ་གང་དུ་བཞུགས་ཡོད་མེད་དང་། སྐུ་ཡོན་གསན་བཞེས་ཇི་འདྲ་གནང་གི་ཡོད་མེད་སོགས་བོད་དང་བོད་མི་གཙོས་འཛམ་གླིང་རྒྱལ་ཆེའི་མང་ཚོགས་ཀྱི་མདུན་དུ་གསལ་པོ་བཟོ་དགོས་པ་ནི་རྒྱ་གཞུང་གི་ལས་འགན་ཆགས་ཡོད་པ་ལྟར་གོ་སྐབས་འདི་བརྒྱུད་ནས་ནན་སྐུལ་ཞུ་བཞིན་ཡོད་ཅེས་སོཊ་འཁོད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

ལ་དྭགས་ས་གནས་སུ་བོད་མི་ཚོས་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐེར་སྲུང་བརྩི་གནང་བཞིན་པ། ༢༠༡༤།༤།༢༥
ལ་དྭགས་ས་གནས་སུ་བོད་མི་ཚོས་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐེར་སྲུང་བརྩི་གནང་བཞིན་པ། ༢༠༡༤།༤།༢༥

དེ་བཞིན་ལ་དྭགས་ས་གནས་སུ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་ནས་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ཉེར་ལྔར་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་དང་། མ་ཎི་གྲངས་༢༥༥༣༣༠༠གསོག་སྒྲུབ་གནང་སོགས་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎