ཉི་ཧོང་དུ་ས་ཡོམ་བྱུང་ནས་ཟླ་གཅིག་སོང་བ།
2011.04.11
༄༅༎ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་གིས་ཡུལ་ནང་ས་ཡོམ་དང་མཚོ་འོག་རྦ་རླབས་ཀྱི་གོད་ཆག་དེ་བྱུང་ནས་ཟླ་ངོ་གཅིག་སོང་བའི་དུས་སྐབས་དེར་འཛམ་གླིང་གི་ཡུལ་ཁག་དང་མི་མང་ནས་རོགས་རམ་གང་ཡོང་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད་ ཉི་ཧོང་གི་སྲིད་བློན་མཆོག་གི་ཐུགས་རྗེ་ཆེ་ཞུའི་ཕྱག་ཡིག་དེ་ཕིརན་སི་དང་ར་ཤི་ཡ་རྒྱ་ནག་སོགས་ཀྱི་གསར་ཤོག་ཁག་ནང་འགྲེམས་སྤེལ་གནང་ཡོད་པ་རེད་ གོང་ཞུས་སྲིད་བློན་མཆོག་གིས་རྒྱལ་སྤྱིའི་གསར་ཤོག་ཁག་ནང་འགྲེམས་སྤེལ་གནང་བའི་ཕྱག་ཡིག་དེའི་ནང་འཛམ་གླིང་གི་ཡུལ་ཁག་དང་སྡེ་ཁག་རྣམས་ཀྱིས་ཉི་ཧོང་གི་གོད་ཆག་དེར་མཛའ་གྲོགས་ཀྱི་རྣམ་པའི་ཐོག་རོགས་རམ་གང་ཡོང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་བཀོད་གནང་ཡོད་པ་རེད་ ཉེ་སྔོན་ཕྱི་ཟླ་༣པའི་ཚེས་༡༡ཉིན་བྱུང་བའི་ས་ཡོམ་དང་མཚོ་འོག་རྦ་རླབས་ཀྱི་འཇིགས་པ་དེར་ད་བར་མི་གྲངས་༡༣༠༠༠ཙམ་གྱི་ཚེ་སྲོག་ཤོར་བ་དང་མི་གྲངས་༡༤༥༠༠ལྷག་རྩད་གཅོད་མ་ཐུབ་པའི་གནས་སྟངས་འོག་ལྷག་ཡོད་པ་རེད་ ཡང་མི་གྲངས་༡༥༠༠༠༠ལྷག་ལ་སྡོད་ཁང་མེད་པའི་གནས་སྟངས་ནང་ལྷུང་ཡོད་པ་རེད་ ཉི་ཧོང་ཁྱོན་ཡོངས་ནང་རེས་གཟའ་ཟླ་བ་དང་ཕྱི་ཚེས་༡༡གི་ཉིན་གུང་ཆུ་ཚོད་༢དང་སྐར་མ་༤༦ཐོག་མི་མང་རྣམས་ངག་བཅད་མྱ་ངན་ཞུས་རྗེས་སྲིད་བློན་ན་ཨོ་ཏོ་ཀན་མཆོག་གིས་རྒྱལ་ཡོངས་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད་ ཡང་གནས་ཚུལ་ནང་འཁོད་གསལ་ལ་གཞིགས་ན་ཉི་ཧོང་གི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་ཡུ་ཀི་ཡོ་ཨེ་ཌ་ནོ་ཡིས་ཕྱག་ཡིག་ཅིག་གསར་འགོད་པར་འགྲེམས་སྤེལ་གནང་བར་གཞིགས་ན་ཡུལ་གྱི་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་ནས་རྡུལ་ཕྲན་རོ་ཏོ་ཕྱིར་ཤོར་བྱེད་རྒྱུ་དེ་ཆུང་དུ་ཕྱིན་ཡོད་པའི་གནས་ཚུལ་བཀོད་གནང་ཡོད་པ་རེད་