ཨ་མི་རི་ཀས་ཕྷི་ལི་པིནསི་སོགས་ལ་དམག་དོན་རོགས་རམ་གནང་བ།
2015.11.17
ཨ་མི་རི་ཀའི་སྲིད་འཛིན་གྱིས་ཕྷི་ལི་པིནསི་སོགས་རྒྱབ་ཁབ་ཁག་གཅིག་ལ་དམག་དོན་སོགས་ཀྱི་རོགས་གནང་རྒྱུ་ཡིན་པ་གསུངས་འདུག
དེ་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་ངོས་ནས་སྟངས་འཛིན་བྱ་རྒྱུའི་ལས་དོན་རྒྱ་བསྐྱེད་གཏོང་བཞིན་པར་སེམས་འཚབ་དང་བཅས་སྟེ་ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་གིས་ཕྷི་ལི་པིནསི་ལ་དམག་གྲུ་ཞིག་རོགས་རམ་གནང་རྒྱུ་ཡིན་པ་གཟའ་མིག་དམར་ཉིན་གསུངས་འདུག ཨ་མི་རི་ཀའི་སྲིད་འཛིན་ཕྷི་ལི་པིནསི་ཡི་རྒྱལ་ས་མ་ནི་ལར་ཚུགས་རྒྱུའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཡུལ་གྲུའི་དབུ་ཁྲིད་ལྷན་ཚོགས་ཀྱི་ཆེད་ཕེབས་ཡོད་ཅིང་། རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་ཡང་ལྷན་ཚོགས་དེའི་ཆེད་མ་ནི་ལར་ཕེབས་ཡོད་པ་རེད།
སྲིད་འཛིན་ཨོ་བྷཱ་མ་ཕྷི་ལི་པིནསི་གྱི་རྒྱལ་ས་མ་ནི་ལར་ཕེབས་འབྱོར་གནང་མ་ཐག་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་པ་དེའི་ཐོག ངའི་འཚམས་གཟིགས་འདིའི་ཐོག་ནས་ང་ཚོ་ཡུལ་གྲུ་གཉིས་ཀྱིས་མངའ་ཁུལ་འདིའི་ནང་གི་རྒྱ་མཚོའི་གནད་དོན་དང་མཚོ་ཐོག་འགྲུལ་བསྐྱོད་རང་དབང་གི་གནད་དོན་ཐད་བསམ་ཚུལ་གཅིག་པ་ཡོད་པ་མཚོན་ཐུབ་ཀྱི་ཡོད་ཅེས་གསུངས་འདུག
གནད་དོན་དབྱེ་ཞིབ་པ་ཚོས་ཨ་མི་རི་ཀ་གཞུང་གིས་ཕྷི་ལི་པིནསི་ལ་དམག་དོན་རོགས་རམ་གནང་པ་འདི་ནི་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་བཅོས་མའི་གླིང་ཕྲན་དང་གནམ་ཐང་སོགས་འཛུགས་བསྐྲུན་བྱས་རྗེས་ཨ་མི་རི་ཀའི་ངོས་ནས་མངའ་ཁུལ་དེའི་རྒྱ་མཚོའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་མཚོན་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཕྷི་ལི་པིནསི་ནི་ཨེ་ཤི་ཡའི་ཁུལ་གྱི་དམག་ཤུགས་སྐྱོ་ཤོས་ཅན་གྱི་ཡུལ་གྲུ་ཞིག་ཡིན་ཡང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་སྤེལ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་ཆེ་ཤོས་བྱ་མཁན་ཞིག་ཡིན་པ་རེད། ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་བདེ་འཇགས་ཐད་དམག་དོན་རོགས་རམ་གནང་ཡུལ་རྒྱལ་ཁབ་འགའ་ཤས་ཞིག་ཡོད་པ་ནས་ཕྷི་ལི་པིནསི་ལ་རོགས་རམ་མང་ཤོས་ཐོབ་རྒྱུ་དང་། ཝིཡེཏ་ནམ་དང་། ཨིན་ཌུ་ནེ་ཤི་ཡ། མ་ལེ་ཤི་ཡ་བཅས་ལ་ཡང་དམག་དོན་ཆེད་དཔལ་འབྱོར་རོགས་རམ་གནང་རྒྱུ་ཡིན་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་རྒྱ་ནག་གི་སྟོབས་ཤུགས་ངོམ་སྟོན་གྱི་རྣམ་པ་ཇེ་ཆེར་འགྲོ་བཞིན་པ་དང་དུས་མཚུངས། དེ་རིང་གཟའ་མིག་དམར་ཉིན་ཕྷི་ལི་པིནསི་དང་ཝིཡེཏ་ནམ་དབར་དམག་དོན་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་གན་རྒྱའི་ཆིངས་དོན་ཞིག་ཀྱང་བཞག་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།