བལ་ཡུལ་ནང་བོད་མི་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རིགས་རྩ་བ་ནས་སྤེལ་འཇུག་རྒྱུ་མིན་པ་བལ་ཡུལ་གྱི་གཞུང་ཚབ་པས་བརྗོད་འདུག

2021.09.13
བལ་ཡུལ་ནང་བོད་མི་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རིགས་རྩ་བ་ནས་སྤེལ་འཇུག་རྒྱུ་མིན་པ་བལ་ཡུལ་གྱི་གཞུང་ཚབ་པས་བརྗོད་འདུག རྒྱ་ནག་ཏུ་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་(Mahendra Bahadur Pandey)་བོད་ཀྱི་རྒྱལ་ས་ལྷ་སར། ༩།༢༠༢༡
Chinese State Media

དེ་ཡང་ཉེ་ལམ་ཟླ་༩་ཚེས་༩་ཉིན་རྒྱ་ནག་ཏུ་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་(Mahendra Bahadur Pandey)་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝུ་དབྱིང་ཇེའེ་དང་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ཆེ་དགྲ་ལྷ་སོགས་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་གླེང་མོལ་བྱས་སྐབས། ཝུ་དབྱིང་ཇེའེ་ཡིས་བལ་ཡུལ་གཞུང་གིས་བོད་དང་འབྲེལ་བའི་གནད་དོན་དང་ཐེ་ཝན་དང་འབྲེལ་བའི་གནད་དོན་ཐོག་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པ་དང་། བལ་ཡུལ་ནང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁག་སྤེལ་མ་བཅུག་པར་བཀག་འགོག་བྱས་པ་དེར་བསྔགས་བརྗོད་བྱས་ཡོད་འདུག་ལ། བལ་ཡུལ་གྱི་གཞུང་ཚབ་ནས་ཀྱང་རྒྱ་ནག་དང་བོད་རང་སྐྱོང་ལྗོངས་ཀྱིས་བལ་ཡུལ་ལ་རོགས་སྐྱོར་བྱས་པ་དང་། དམིགས་བསལ་ཏོག་དབྱིབས་ནད་ཡམས་ལ་འགོག་རྒོལ་གྱི་ལས་དོན་ཐོག་རོགས་རམ་ཤུགས་ཆེ་བྱས་པར་ཐུགས་རྗེ་ཆེ་ཞུས་པའི་ཐོག་རྒྱ་ནག་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་བལ་ཡུལ་གྱི་ས་ཁོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་རྩ་བ་ནས་སྤེལ་འཇུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་འདུག བལ་ཡུལ་གྱི་གཞུང་རིམ་པའི་དཔོན་རིགས་ཚོས་རྒྱ་ནག་ལ་དེ་དོན་ཁས་ལེན་བྱས་པ་ནི་ཐེངས་མ་དང་པོ་མིན་ལ། ༢༠༡༩་ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་འབྱོར་སྐབས་ཀྱང་ཁས་ལེན་བྱས་ཤིང་། དེ་མིན་ཡང་རྒྱ་ནག་དང་བལ་ཡུལ་གྱི་དཔོན་རིགས་མཐོ་གྲས་ནམ་ཐུག་སྐབས་ཁས་ལེན་དེ་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་༢༠༠༨་ལོ་ནས་བཟུང་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོར་དམ་དྲག་བྱེད་ཤུགས་ཧ་ཅང་ཆེ་རུ་བཏང་ཡོད་ལ། ལྷག་པར་དུ། ཕྱི་ལོ་༢༠༡༡་ལོ་ནས་བཟུང་བལ་ཡུལ་ནང་ཡོངས་གྲགས་སུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སོགས་ཆབ་སྲིད་དང་འབྲེལ་བའི་དུས་དྲན་སོགས་སྲུང་བརྩི་བྱེད་མི་ཆོག་པ་བཟོས་ཡོད་པར་མ་ཟད། ཆོས་ཕྱོགས་ཀྱི་ཞུ་སྒོ། དཔེར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་ཡང་དམ་དྲག་བྱེད་བཞིན་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་མང་པོས་བལ་ཡུལ་གཞུང་གིས་བོད་མིའི་ཐོག་དམ་དྲག་འདི་ལྟར་བྱེད་དགོས་དོན་ནི་གཙོ་བོ་རྒྱ་ནག་གཞུང་གི་ལམ་སྟོན་ལག་བསྟར་བྱེད་པ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
བལ་ཡུལ་ནང་རྒྱ་ནག་གཞུང་གིས་དངུལ་དངོས་རོགས་རམ་སྤྲོད་བཞིན་པར་མ་ཟད། བོད་ནས་བལ་ཡུལ་བར་རི་ལིའི་ལྕགས་ལམ་བཟོ་རྒྱུའི་འཆར་གཞི་ཡང་ཡོད་པ་རེད། ལྷག་པར་ཏུ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་སྤྲད་པ་སོགས་རོགས་རམ་བརྒྱུད་ནས་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་བལ་ཡུལ་གྱི་གནད་དོན་ཞིབ་འཇུག་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཨ་མི་རི་ཀ་དང་ཡོ་རོབ་སོགས་མང་གཙོའི་ཡུལ་གྲུའི་སྲིད་གཞུང་ཁག་གིས་བལ་ཡུལ་གཞུང་གིས་བོད་མིའི་ཆབ་སྲིད་དང་སྨྲ་བརྗོད་ཀྱི་རང་དབང་ཐོག་དོ་དམ་སྟངས་འཛིན་བྱེད་བཞིན་པར་ཡང་ནས་ཡང་དུ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་འགའ་ཤས་ད་དུང་ཡང་གནས་མུས་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་དགོན་པ་གྲྭ་ཚང་མི་ཉུང་བ་ཞིག་ཀྱང་བལ་ཡུལ་ནང་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎