རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བལ་ཡུལ་དུ་འཚམས་འདྲི།
2010.01.11
༄༅༎བལ་ཡུལ་གྱི་མའོ་ཚོགས་པས་ཡུལ་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་མཆོག་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རན་པའི་དུས་སྐབས་དེར་རྒྱ་གར་གྱིས་བལ་ཡུལ་གྱི་ས་འཕྲོག་བཅོམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ བལ་ཡུལ་གྱི་མའོ་ཚོགས་པའི་འགོ་འཁྲིད་པར་ཅན་རྡ་ཡིས་ཡུལ་གྱི་ནུབ་ཕྱོགས་ཀན་ཆན་པུར་རྫོང་ནང་ངོ་རྒོལ་གྱི་ལས་འགུལ་ཞིག་འགོ་འཁྲིད་ནས་རྒྱ་གར་གྱིས་ས་ཁུལ་ནང་ཏ་ནཀ་པུར་ཞེས་པའི་ཆུ་རག་ཞིག་རྒྱབ་ནས་ས་ཁུལ་གྱི་ཞིང་པ་རྣམས་ལ་ཞིང་ཆུའི་ཐོག་གྱོང་གུན་བཏང་ཡོད་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་
མའོ་ཚོགས་པའི་འགོ་འཁྲིད་པར་ཅན་རྡ་ཡིས་ད་ཐེངས་ཀྱི་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་ནི་བལ་ཡུལ་གྱི་སའི་བདག་དབང་སྲུང་སྐྱོབ་བྱེད་རྒྱུའི་ཆེད་དང་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་ཡིས་འགོ་འཁྲིད་པའི་གཞུང་དེ་ཕྱིའི་རྒྱལ་ཁབ་ཁག་གི་དབང་ཤུགས་ཀྱི་བེད་སྤྱོད་འོག་ཚུད་ཡོད་སྐོར་གཏམ་བཤད་བྱས་ཡོད་པ་རེད་ དེ་བཞིན་མའོ་ཚོགས་པའི་འགོ་འཁྲིད་གཞོན་པ་སྦ་སྦུ་རམ་བ་ཏ་རའེ་ཡིས་གོང་ཞུས་ཀྱི་ངོ་རྒོལ་གྱི་ལས་འགུལ་དེ་འདྲ་བ་ཞིག་ཡུལ་གྱི་ན་ལྦལ་པ་ར་སི་རྫོང་ནས་འགོ་འཁྲིད་ནས་རྒྱ་གར་བ་ཚོས་ས་ཁུལ་གྱི་སུསི་ཏ་ཞེས་པའི་གྲོང་ཚོའི་སའི་ནང་སིམ་འཛུལ་བྱས་པའི་སྙོན་འཛུགས་བྱས་ཡོད་པ་རེད་ ཡང་མའོ་ཚོགས་པའི་འགོ་འཁྲིད་མོ་ཧན་ལྦའེ་རྡི་ཡ་ཀི་རན་ཡིས་ཡུལ་གྱི་ཨི་ལམ་རྫོང་ཁོངས་ཀྱི་པ་ཤུ་པ་ཏི་ན་གར་ཞེས་པའི་གྲོང་ཁྱེར་ནང་ངོ་རྒོལ་གྱི་ལས་འགུལ་དེ་འདྲ་བ་ཞིག་འགོ་འཁྲིད་ཡོད་པ་རེད་ དེ་བཞིན་མའོ་ཚོགས་པའི་འགོ་འཁྲིད་གཞན་ཁག་ཅིག་གིས་རྒྱ་གར་ལ་ངོ་རྒོལ་གྱི་ལས་འགུལ་དེ་འདྲ་བ་བལ་ཡུལ་གྱི་ས་གནས་གཞན་ཁག་ནང་སྤེལ་ཡོད་པ་རེད་ རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་མཆོག་བལ་ཡུལ་ནང་ཕྱི་ཚེས་༡༥ནས་འགོ་འཛུགས་ཀྱིས་ཉིན་༣རིང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུའི་འཆར་གཞི་ཡོད་པ་རེད་ དེ་བཞིན་རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་རྡི་པཀ་ཀ་པུར་མཆོག་བལ་ཡུལ་ནང་ཕྱི་ཚེས་༡༩ཉིན་ཕེབས་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་བཞག