ཇོ་མོ་གླང་མའི་རི་གཤམ་དུ་བལ་ཡུལ་བློན་ཆེན་ལྷན་ཚོགས་བསྐྱངས།
2009.12.04
༄༅༎བལ་ཡུལ་གྱི་དཔོན་རིགས་ཚོས་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་དེས་ཧི་མ་ལ་ཡའི་མངའ་ཁུལ་དུ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ཐོག་ཕྱི་ཕྱོགས་ནས་དོ་སྣང་ཡོང་རྒྱུར་དམིགས་ནས་བལ་ཡུལ་གྱི་བློན་ཆེན་ལྷན་ཚོགས་དེ་བཞིན་དེ་རིང་ཇོ་མོ་གླང་མའི་རི་གཤམ་དུ་ཚོགས་གནང་ཡོད་པ་རེད་
བལ་ཡུལ་གྱི་སྲིད་བློན་མཱ་རྡལྦ་ཀུ་མའར་དང་དེ་མིན་བལ་ཡུལ་གྱི་ལས་ཁང་ཁག་གི་བློན་ཆེན་༢༢ཐད་འཕུར་གནམ་གྲུར་བཞུགས་ནས་གནམ་གཤིས་གྲང་ངར་ལ་མི་འཛེམས་པར་སྲོག་སྐྱོབ་དབུགས་ཆས་རང་འགྲིགས་གྱོན་དེ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར༥༠༠༠སར་གནས་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རི་གཤམ་དུ་ཕེབས་ནས་བློན་ཆེན་ལྷན་ཚོགས་བསྐོངས་ཚོགས་གནང་ཡོད་ཅིང་ལྷན་ཚོགས་ཐོག་བལ་ཡུལ་གྱི་སྲིད་བློན་མཆོག་ནས་རིང་མིན་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧ་གེན་ནང་ཚོགས་འཆར་ཡོད་པའི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་འཛམ་གླིང་ལྷན་ཚོགས་ཐོག་འཛམ་གླིང་ཡུལ་གྲུ་ཁག་གིས་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེས་ཇོ་མོ་གླང་མའི་འཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཡོང་བཞིན་པའི་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་གསལ་སྟོན་གནང་བའི་སྐོར་བལ་ཡུལ་བརྙན་འཕྲིན་ཐོག་གནས་ཚུལ་བཏོན་ཡོད་པ་རེད་ བལ་ཡུལ་གྱི་བློན་ཆེན་ལྷན་ཚོགས་དེའི་ཐོག་བལ་ཡུལ་གཞུང་གིས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་ཡར་ཐོན་ཅན་གྱི་ཡུལ་གྲུ་ཚོའི་དཔལ་འབྱོར་ཡོངས་ཁུངས་ཀྱི་བརྒྱ་ཆ་གཅིག་དང་ཚག་ལྔ་ཞལ་འདེབས་སུ་བཏོན་ནས་བལ་ཡུལ་ལྟ་བུའི་དབུལ་པོའི་ཡུལ་གྲུ་ཚོར་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ལ་གདོང་ལེན་བྱ་རྒྱུར་རོགས་རམ་གནང་རྒྱུའི་སྐོར་བཏོན་རྒྱུའི་ཐག་གཅོད་བྱུང་ལུགས་བལ་ཡུལ་གྱི་དཔོན་རིགས་ནས་གསུང་བཞག་ལ་ བལ་ཡུལ་དཔོན་རིགས་ནས་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་དེ་ཛ་དྲག་ཏུ་བསྐྱོད་བཞིན་པར་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བལ་ཡུལ་ནང་གནོད་ཚབས་ཤུགས་ཆེ་ཡོང་རྒྱུའི་གནས་སྟངས་དེར་འཛམ་གླིང་ཡུལ་གྲུ་ཁག་གིས་དོ་སྣང་གནང་རྒྱུ་དེ་ད་ལྟ་གལ་ཆེའི་གནད་དོན་ཞིག་ཆགས་ཡོད་ལུགས་གསུང་འདུག གནམ་གཤིས་ཐོག་གི་ཚན་རིག་ཉམས་ཞིབ་པ་ཚོས་གསུང་ན་ གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེས་ཇོ་མོ་གླང་མའི་འཁྱགས་རོམ་གྱི་བཞུར་ཚད་མགྱོགས་སུ་འགྲོ་གི་ཡོད་པ་དང་མ་འོངས་ལོ་ངོ་བཅུ་གྲངས་ཀྱི་རྗེས་སུ་ཇོ་མོ་གླང་མའི་འཁྱགས་རོམ་མེད་པར་འགྱུར་སྲིད་པ་མ་ཟད་དེས་རྐྱེན་པས་ཇོ་མོ་གླང་མའི་ཆུ་མགོར་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་ལྷོ་ཤར་ཨི་ཤི་ཡའི་ཡུལ་གྲུ་ཁག་ནང་ཆུ་ལོག་དང་ཐན་སྐྱོན་གྱི་རང་འབྱུང་གནོད་འཚེ་ཚབས་ཆེ་ཕོག་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད་