རྒྱ་ནག་གཞུང་གིས་ཕྱི་རྒྱལ་བ་ཚོ་རི་བོ་ཇོ་མོ་གླང་མའི་སྟེང་རི་འཛེགས་ཆོག་པ་སླར་ཡང་སྒོ་མོ་ཕྱེ་ཡོད་འདུག
ཕྱི་ལོ་༢༠༢༠ལོར་རྒྱ་ནག་ཝུའུ་ཧན་ནས་རིམ་པས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཀོ་ཝིཌི་༡༩འམ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བ་ནས་བཟུང་། བོད་ཀྱི་ཕྱོགས་ནས་ཇོ་མོ་གླང་མའི་སྟེང་རི་འཛེགས་བྱ་རྒྱུ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་ཀྱང་། ལོ་འདིར་སླར་ཡང་སྒོ་མོ་ཕྱེ་སྟེ་ཕྱི་རྒྱལ་བ་རི་འཛེགས་མཁན་ཚོར་ཆོག་མཆན་སྤྲོད་རྒྱུ་ཡིན་འདུག འོན་ཀྱང་ད་ལྟའི་ཆར་གཞུང་འབྲེལ་གྱི་ཐོག་ནས་ཟླ་དུས་དང་ཆ་རྐྱེན་སོགས་གང་ཡང་གསལ་བསྒྲགས་བྱས་མེད་པ་རེད།
དེའི་ཐད་(Adrian Ballinger)་ཞེས་པའི་ཕྱི་རྒྱལ་རི་འཛེགས་ཚོང་གཉེར་ལས་ཁང་གི་རི་འཛེགས་ལམ་སྟོན་པས། ཁོང་རང་ཉིད་བོད་ཀྱི་ཕྱོགས་ནས་རི་བོ་ཇོ་མོ་གླང་མའི་སྟེང་ཐེངས་བརྒྱད་རི་འཛེགས་བྱས་མྱོང་མཁན་ཞིག་ཡིན་པ་དང་། བལ་ཡུལ་གྱི་ཕྱོགས་ལས་བོད་ཀྱི་ཕྱོགས་ངོས་ནས་རི་འཛེགས་རྒྱུར་འདོད་པ་ཆེ་བ་ཡོད་ལུགས་འགྲེལ་བརྗོད་བྱས་པ་དང་ཆབས་ཅིག་ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་གང་ཡང་སྤེལ་མེད་པ་དང་། སྤྱིར་བཏང་གནད་དོན་འདིའི་ཐད་དབུས་གཞུང་དང་། གཞན་ཡང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་སོགས་ནས་མ་ཡིན་པར་(China Tibet Mounteneering Association)་ཞེས་པའི་རི་འཛེགས་ཚོགས་པ་ཞིག་གིས་ལྷ་ས་ནས་ཇོ་མོ་གླང་མ་བར་འགྲུལ་བཞུད་བྱེད་རྒྱུའི་གླ་ཆ་དང་གཞན་ཡང་དོ་པོ་འོར་འདྲེན་བྱེད་མཁན་གྱི་གཡག་དང་། ལས་མིའི་གླ་ཆ་སོགས་ཀྱི་གཏན་འབེབས། དེ་བཞིན་རི་འཛེགས་ལག་འཁྱེར་སོགས་ཀྱང་གོང་ཞུས་ཚོགས་པ་དེས་གཏན་འབེབས་དང་ངོ་སྤྲོད་བྱེད་ཀྱི་ཡོད་ལུགས་གསུངས་འདུག་ལ་ལོ་ལྟར་རྒྱ་རིགས་མ་ཡིན་པའི་ཕྱི་རྒྱལ་མི་རིགས་༣༠༠ཙམ་ལ་ཆོག་མཆན་ལག་འཁྱེར་སྤྲོད་སྲོལ་ཡོད་འདུག
ཡང་གོང་ཞུས་ཕྱི་རྒྱལ་རི་འཛེགས་ལམ་སྟོན་པ་བྷི་ལི་གྷར་ཡིས་མུ་མཐུད་ནས་འགྲེལ་བརྗོད་གནང་བར་གཞིགས་ན། ཕྱི་ལོ་་༢༠༠༠ནས་ཕྱི་ལོ་༢༠༠༧བར་ཇོ་མོ་གླང་མའི་སྟེང་རི་འཛེགས་མཁན་ཚོས་བོད་ཀྱི་ཕྱོགས་ནས་འཛེགས་རྒྱུར་འདོད་མོས་ཆེ་བ་བྱེད་དགོས་པའི་རྒྱུ་མཚན་ནི། སྲུང་སྐྱོབ་དང་ཁོར་ཡུག་གཙང་སྦྲ། འཕྲོད་བསྟེན་སོགས་གང་ཅིའི་ཐད་ནས་ལེགས་པ་ཡོད་ཙང་རེད་འདུག ཡིན་ནའང་ཕྱི་ལོ་༢༠༠༨་ལོར་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གོ་སྒྲིག་བྱས་པའི་སྐབས། ཕྱི་རྒྱལ་རི་འཛེགས་མཁན་ཚོ་རི་འཛེགས་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་མིན་ལ་མ་བལྟོས་པར་རྒྱ་ནག་གིས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་ཇོ་མོ་གླང་མའི་རི་བཤམས་སུ་འཕྱར་རྒྱུར་འཁྱེར་ཡོང་བ་མ་ཟད། སྐབས་དེར་རི་འཛེགས་མཁན་ཚོ་འགྲོ་མ་བཅུག་པར་སྒོ་རྒྱབ་པ་སོགས་ཀྱི་རྐྱེན་གྱིས་ཚང་མར་གྱོང་གུན་ཆེན་པོ་ཕོག་ཡོད་པ་བཅས་ལ་བརྟེན་བལ་ཡུལ་ཕྱོགས་ནས་འཛེགས་རྒྱུར་ཁ་བསྒྱུར་གཏོང་དགོས་བྱུང་ཡོད་ལུགས་གསུངས་འདུག
ལོ་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་རྡོར་ལགས་ཀྱིས་ཀྱང་ཇོ་མོ་གླང་མའི་རི་འདབས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།