ཇོ་མོ་གླང་མའི་བོད་ཕྱོགས་ཀྱི་རི་འཛེགས་འབབ་ཚུགས་ཡུལ་སྐོར་བར་སྒོ་རྒྱབ་འདུག
2019.04.17
རྒྱ་ནག་གཞུང་གིས་བོད་ཕྱོགས་ཀྱི་རི་བོ་ཇོ་མོ་གླང་མའི་རི་འཛེགས་འབབ་ཚུགས་སུ་ཡུལ་སྐོར་བ་བསྐྱོད་རྒྱུ་བཀག་སྡོམ་བྱས་ཡོད་འདུག
དེ་ཡང་འདི་ཚེས་༡༦་ཉིན། ཡུལ་སྐོར་དྲ་ཚིགས་(Lonely Planet)ཞེས་པའི་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་བོད་ཕྱོགས་ཀྱི་རི་འཛེགས་འབབ་ཚུགས་སུ་ཡུལ་སྐོར་བ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་ནི་ས་ཁུལ་དེར་གད་སྙིགས་ཕོན་ཆེན་སྤུངས་བར་ཚོད་འཛིན་ཐུབ་པའི་ཆེད་དུ་ཡིན་ལུགས་བརྗོད་ཡོད་པའི་སྐོར་གནས་ཚུལ་དེའི་ནང་བཀོད་འདུག་ཀྱང་། བཀག་སྡོམ་ག་དུས་མགོ་འཛུགས་བྱས་ཡོད་མེད་སོགས་ཁ་གསལ་འཁོད་མི་འདུག
ཇོ་མོ་གླང་མའི་རི་མཐོར་འཛེགས་རྒྱུར་བལ་ཡུལ་ཕྱོགས་ལས་བོད་ཕྱོགས་ནས་འཛེགས་རྒྱུར་ལས་སླ་བ་ཡོད་ཀྱང་རྒྱ་ནག་གཞུང་གིས་རི་འཛེགས་མཁན་དང་དེའི་ཁུལ་དུ་ཡུལ་སྐོར་དུ་བསྐྱོད་མཁན་ཚོར་ཇོ་མོ་གླང་མའི་ཁུལ་དུ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཧ་ཅང་དམ་པོ་ཡོད་པའི་ཁར་ལྷག་པར་དུ་ཕྱི་རྒྱལ་གྱི་རི་འཛེགས་པ་དང་ཡུལ་སྐོར་བ་ཚོར་ཆོག་མཆན་རག་རྒྱུ་དེ་བས་ཁག་པོ་ཡོད་ཅིང་། ལོ་ལྟར་ཇོ་མོ་གླང་མར་འཛེགས་མཁན་དང་དེའི་ཁུལ་དུ་ཡུལ་བསྐོར་དུ་བསྐྱོད་ཆོག་པའི་ཆོག་མཆན་མི་གྲངས་༣༠༠ཙམ་ལ་མ་གཏོགས་སྤྲོད་ཀྱི་མེད་པ་རེད། ན་ནིང་སྤྱིད་ཀའི་སྐབས་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་གད་སྙིགས་ཏུན་བརྒྱ་ལྷག་ཙམ་གཙང་བཟོ་བྱས་ཡོད། ཡིན་ནའི་ད་ལྟའི་ཆར་གད་སྙིགས་སོགས་ཉུང་དུ་གཏོང་རྒྱུའི་ཆེད་འགྲོ་འོང་ཐད་དེ་བས་དམ་དྲག་བྱ་དགོས་ཀྱི་ཡོད་ལུགས་བོད་རང་སྐྱོང་ལྗོངས་དིང་རི་རྫོང་ཇོ་མོ་གླང་མའི་དོ་དམ་ལས་ཁུངས་ཟེར་བས་བརྡ་ཁྱབ་བཏང་ཡོད་པ་མ་ཟད་། དེ་བཞིན་བརྡ་ཁྱབ་དེའི་ནང་། ལས་ཁུངས་དང་མི་སྒེར་གང་རུང་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རོང་ཕུ་དགོན་ཡན་ཆད་ཀྱི་ལྟེ་གནས་ཁུལ་དུ་ཡུལ་སྐོར་བྱེད་མི་ཆོག པའི་སྐོར་བཀོད་ཡོད་པ་རེད།
གནས་ཚུལ་ནང་མུ་མཐུད་བཀོད་པར། བལ་ཡུལ་གྱི་རི་འཛེགས་ས་ཚུགས་མུ་མཐུད་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་མུས་ཡིན་པ་དང་། བལ་ཡུལ་གཞུང་གི་རྩིས་ཐོ་གཞིགས་ན། ཕྱི་ལོ་༢༠༡༦དང་༢༠༡༧ལོའི་ནང་བལ་ཡུལ་ཕྱོགས་ནས་ཇོ་མོ་གླང་མའི་རི་བརྒྱུད་དུ་མི་གྲངས་ཁྲི་བཞི་དང་ལྔ་སྟོང་ལྷག་བསྐྱོད་ཡོད་པ་རེད། དེ་དང་འབྲེལ་བལ་ཡུལ་གཞུང་གིས་ཕྱི་ཟླ་བཞི་པའི་ཚེས་༢༥ནས་བཟུང་ཇོ་མོ་གླང་མའི་བལ་ཡུལ་ཕྱོགས་ཀྱི་རི་བརྒྱུད་ས་ཚུགས་སུ་གད་སྙིགས་ཏུན་༡༡ལྷག་གཙང་སེལ་གྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།