ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་རྒྱ་གར་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་བཅས་དང་མཇལ་འཕྲད་གནང་འདུག

2025.01.06
ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་རྒྱ་གར་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་བཅས་དང་མཇལ་འཕྲད་གནང་འདུག ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལྡི་ལིར་མཇལ་འཕྲད་གནང་སྐབས། ༠༡།༠༦།༢༠༢༥
X @DrSJaishankar

འདི་ཚེས་༦གཟའ་ཟླ་བ་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇཱེ་ཤང་ཀར་(Jaishankar)་ལགས་དང་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(Jake Sullivan)་ལགས་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇལ་འཕྲད་གནང་ནས་རྒྱ་ཆེ་བའི་ཐབས་ཇུས་དང་མངའ་ཁུལ་ཕྱོགས་གཉིས་ཀྱི་གནད་དོན་བཅས་ཐད་གྲོས་བསྡུར་གནང་ཡོད་འདུག
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(Jake Sullivan)་ལགས་ཀྱིས་ཁོང་གི་ལས་ཡུན་རྫོགས་ལ་ཉེ་བའི་དུས་སྐབས་འདིར་རྒྱ་གར་ནང་ཉིན་གཉིས་རིང་འཚམས་གཟིགས་གནང་འགོ་བཙུགས་ཡོད་པ་དང་། འདི་ནི་ཨ་རིའི་བདམས་ཐོན་སྲིད་འཛིན་ཌོལ་ནལཌི་ཀྲོརམ་(Donald Trump) ཡིས་ཟླ་བ་འདིའི་ཕྱི་ཚེས་༢༠ཉིན་ཨ་རིའི་སྲིད་འཛིན་སྐབས ༤༧ པའི་འགན་འཁུར་མ་བཞེས་གོང་ད་ལྟའི་ལས་ཐོག་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་སྲིད་གཞུང་གི་ཆེས་མཐའ་མཇུག་གི་མཐོ་རིམ་དབུ་ཁྲིད་ཀྱི་མཛད་འཆར་ཞིག་ཆགས་ཀྱི་ཡོད་འདུག
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(Jake Sullivan)་ལགས་ཀྱི་འཚམས་འདྲིའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་ཐབས་ཇུས་འབྲེལ་བ་རྒྱ་བསྐྱེད་གཏོང་བའི་མཉམ་ལས་སྒྲོམ་གཞི་གལ་ཆེན་ཞིག་ཡིན་པའི་རྒྱ་གར་དང་། ཨ་རིའི་གལ་ཆེ་གསར་དུ་ཐོན་པའི་འཕྲུལ་རིག་ལས་གཞི་(iCET)་ལ་བསྐྱར་ཞིབ་བྱེད་རྒྱུ་དེ་ཡིན་འདུག
དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(Jake Sullivan)་ལགས་ཀྱིས་(iCET)་ལས་གཞི་ལག་བསྟར་སྐོར་ལ་བསྐྱར་ཞིབ་གནང་རྒྱུ་དང་། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཁའ་དབྱིངས་དང་། རྒྱལ་སྲུང། ཐབས་ཇུས་ལག་རྩལ། རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་བདེ་འཇགས་གལ་གནད་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་གནང་ཕྱོགས་སྐོར་ལ་གྲོས་བསྡུར་གནང་གི་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག

Modi meets US NSA Sullivan.jpg
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་དང་རྒྱ་གར་གྱི་སྲིད་བློན་རྣམ་གཉིས་ལྡི་ལིར་མཇལ་འཕྲད་གནང་སྐབས། X @narendramodi


དེའི་རྗེས་སུ་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(Jake Sullivan)་ལགས་དང་རྒྱ་གར་གྱི་སྲིད་བློན་ན་རེནདྲ་མོ་དྷི་ (Narendra Modi) ལགས་རྣམ་གཉིས་མཇལ་འཕྲད་གནང་འདུག་ལ། དེའི་ཐད་སྲིད་བློན་(Narendra Modi) ལགས་ཀྱིས་(x)་སྤྱི་ཚོགས་དྲྭ་རྒྱར། རྒྱ་གར་དང་ཨ་རིའི་ཕྱོགས་བསྡུས་ཐབས་ཇུས་དང་། མཉམ་ལས། འཕྲུལ་རིག་ལག་རྩལ་བཅས་ཀྱི་བང་རིམ་མཐོ་སར་སླེབས་ཡོད་ལ། ང་ཚོའི་དམངས་གཙོ་ཡུལ་གྲུ་གཉིས་བར་གྱི་འབྲེལ་བས་ང་ཚོའི་མི་དམངས་དང་འཛམ་གླིང་གི་བདེ་སྐྱིད་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་བཀོད་འདུག


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎