རྒྱ་ནག་གཞུང་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱས་ན་ཨ་རིས་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ་བཏང་འདུག
ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པ་ཇེཁ་ས་ལི་ཝན་(Jake Sullivan)་གྱིས་འདི་ཚེས་༡༤་རེས་གཟའ་ཟླ་བའི་ཉིན་ཨེ་ཊ་ལིའི་རྒྱལ་ས་རོམ་ནང་། རྒྱ་ནག་གི་གཞུང་གི་སྐུ་ཚབ་མཐོ་ཤོས་ཡང་ཇེ་ཆི་(Yang Jiechi)་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པས། ད་རེས་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་ནང་བཙན་འཛུལ་བྱེད་བཞིན་ཡོད་པས། གལ་སྲིད། རྒྱ་ནག་གཞུང་གིས་ཨུ་རུ་སུར་རོགས་རམ་བྱེད་ཚེ། རྒྱ་ནག་ལ་ཉེས་ཆད་འགེལ་རྒྱུ་དང་དེར་མཇུག་འབྲས་ངན་པ་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། དེའི་སྔོན་ཨ་རིའི་མཐོ་རིམ་དཔོན་རིགས་ཚོས། ཨུ་རུ་སུས་ཡུའུ་ཁུ་རེན་གྱི་ནང་བཙན་འཛུལ་བྱེད་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱས་ཚེ་ཨ་མི་རི་ཀས་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་རྒྱ་ནག་ལ་ཁ་གསལ་བརྗོད་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
དེའི་སྔོན་ཨ་རིའི་ཚོང་འབྲེལ་དྲུང་ཆེ་(Gina Raimondo)་ཡིས། རྒྱ་ནག་གཞུང་གི་བཟོ་ཚོང་ལས་ཁང་ཚོས་ཨ་མི་རི་ཀའི་ལངས་ཕྱོགས་རྩིས་མེད་ཀྱིས་ཨུ་རུ་སུ་དང་ཚོང་འབྲེལ་བྱས་ཚེ་ཨ་མི་རི་ཀས་ཉེ་བར་མཁོ་བའི་འཕྲུལ་ཆས་གསར་པའི་ཚོང་འབྲེལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་བདུན་ཕྲག་སྔོན་མར་ཉེན་བརྡ་བཏང་ཡོད་པ་རེད།
ཨ་རིའི་སྲུང་སྐྱོབ་སློབ་སྟོན་པ་དང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་རྣམ་གཉིས་བར་སྔ་ལོ་ཕྱི་ཟླ་བཅུ་པའི་ནང་ཨ་རིའི་ཨ་ལ་སི་ཀ་མངའ་སྡེར་མཇལ་འཕྲད་སྐབས་ཚིག་རྩུབ་ཤོད་ཪེས་བྱུང་བའི་རྗེས། ད་རེས་ཀྱི་མཇལ་འཕྲད་དེ་ཐོག་མ་ཆགས་ཀྱི་ཡོད་པ་རེད།
རེས་གཟའ་ཉི་མའི་ཉིན་ཨ་རིའི་དཔོན་རིགས་ཁ་ཤས་ཀྱིས། རྒྱ་ནག་གཞུང་གིས་ཨུ་རུ་སུར་གོ་མཚོན་ལག་ཆ་མཁོ་སྤྲོད་བྱས་པ་ཡིན་ན། ཨ་མི་རི་ཀ་གཙོས་པའི་ནུབ་ཕྱོགས་སྤྱི་ཚོཊ་ཀྱིས་ཡུའུ་ཁུ་རེན་ལ་རྒྱབ་སྐྱོར་བྱེད་རྒྱུར་འགལ་རྐྱེན་འཕྲད་རྒྱུ་ཡིན་ལུགས་གསུངས་ཡོད་པ་དང་། དེའི་རྗེས་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇེཀ་ས་ལི་ཝན་གྱིས། དེའི་ཐད་ང་ཚོས་རྒྱ་ནག་དང་ཐད་ཀར་འབྲེལ་ལམ་བྱེད་བཞིན་ཡོད་པ་བརྙན་འཕྲིན་བརྒྱུད་གསུངས་འདུག
རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ལོ་མང་རིང་ཇེ་སྡུག་ཏུ་སོང་བའི་ཐོག ད་རེས་ཨུ་རུ་སུས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་བཞིན་པའི་སྐབས། རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ཟབ་ཏུ་ཕྱིན་པར་བརྟེན་ཨ་རྒྱ་ཡུལ་གཉིས་ཀྱི་འབྲེལ་ལམ་དེ་བས་ཇེ་སྡུག་ཡིན་པ་རེད།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།